R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༨༤
[A:༨༤]གསུངས། །བཀའ་གསུང་ལྷུར་བླངས་ཆས་པའི་ཚེ། །བསོད་ནམས་དཔལ་གྱིས་མངོན་པར་མཐོ། །དད་པ་ཤེས་རབ་མཆོག་དང་ལྡན། །བསྟན་པ་མཆོག་གི་སྦྱིན་བདག་ཆེ། །སྡེ་པ་ཞིག་གིས་གདན་དྲངས་ཏེ། །བསྟན་པའི་བདག་པོ་ས་སྐྱ་པའི། །དཔལ་མགོན་ཆེན་པོ་གདོང་བཞི་པའི། །གསང་བའི་མན་ངག་མཆོག་གྱུར་པ། །སྙན་བརྒྱུད་གསང་ཁྲིད་བཤད་པའི་དུས། །ནུབ་ཅིག་རྨི་ལམ་གསལ་བ་ལ། །ཁང་བཟང་ཞིག་གི་ལྷོ་ཕྱོགས་ན། །ཡིད་འོང་མཆོད་རྟེན་དཀར་པོ་བདུན། །དེ་ལ་སྐོར་བ་བྱས་པའི་ཚེ། །མཛེས་ཤིང་ཡིད་འོང་རྒྱན་གྱིས་མཛེས། །འཛུམ་པའི་མདངས་ལྡན་ལྷ་མོ་ཞིག །སྙན་པའི་སྐད་ཀྱིས་འདི་སྐད་ལོ། །ནོར་རྫས་དབྱར་གྱི་ན་བུན་འདྲ། །དེ་ལ་ཆགས་ཞེན་སུ་ཞིག་འཛིན། །ཆོས་ལ་གཅེས་སྤྲས་སྣོད་ལྡན་ཕྱིར། །བཏད་དཀའི་གསེར་ཕྱེ་མཎྜལ་དགོས། །ཡང་ན་རང་འདོད་དྲི་མ་བྲལ། །འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སྒྲུབ་ཕྱིར་བརྩོན་པ་ལ། །དེ་ལ་སྙན་བརྒྱུད་གདམས་པ་བྱིན། །སྣོད་མིན་དག་ལ་བྱིན་པ་ན། །མཁའ་འགྲོས་ཚར་གཅོད་བར་ཆད་ཡོང༌། །དེས་ན་སྣོད་དང་ལྡན་པ་གཅེས། །རྣལ་འབྱོར་སེམས་ལ་དེ་ལྟར་ཞོག །ཅེས་ཟེར་ཞིང་མཆོད་རྟེན་གྱི་སྲང་བར་ཞིག་ལ་སོང་སྟེ་ཐལ་ལོ། །སླར་སྒོ་མོར་སླེབ་པ་ཞིག་བྱས་ཕྱིན། སང་དེ་སྔ་བར་ཆས་ཏེ་སྐྱིད་ཤོང་བདེ་ཆེན་དུ་སླེབ་པའི་གནས་ཚང་ཞིག་ཏུ་ཁམས་ལ་འབུལ་སྡུད་ལ་ཕྱིན་པའི་བླ་མ་ཞིག་དང་དེ་ནུབ་མཉམ་དུ་བསྡད་པས། ཞི་དུལ་ཆེ་བའི་སྤྱོད་ལམ་མཛེས་པར་འདུག་པས། འདི་ཆོས་པ་དགའ་མོ་ཞིག་ཡོད་རིགས་སུ་འདུག་བསམ་ཡིད་དགའ་བ་ཞིག་བྱུང༌། ཁོང་ཉལ་ཁར་ཁ་ཏོན་ཕྲན་ཚེགས་ཤིག་བྱས། དེ་མ་ཐག་