R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༨༦
[A:༨༦]པོ་ཆེའི་བཀའ་སོགས་ནས། ད་རང་མི་ཐུབ་པ་འདྲ་བསམ། ལོ་དང༌། བདེ་བ་ཅན། སྤར་ཕུ་སོགས་ཀྱང་བདག་བྱས། རང་འདོད་སྤངས་པའི་གྲྭ་རིགས་སྦྱིན་བདག་རྣམས་ལ་ཆོས་དང་སྐུ་རིམ་སོགས་ཀྱིས་རང་རང་གི་ཐུགས་འདོད་དང་མཐུན་པའི་ཕན་ཅི་ཐོགས་བྱས། དེ་ཡང་རྗེ་འདི་ཉིད་ཀྱི་རྣམ་པར་ཐར་པ་ལ། ནམ་ལངས་མུན་དང་ཉི་ཤར་རྣམས་ཀྱི་ཚུལ་དུ་གནས་པ་ལས། ཕྱི་མའི་དུས་ཤིག་ས་སྐྱ་ནས་བདག་ཆེན་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དེ་ཉིད་དང༌། ཁྲི་རིན་པོ་ཆེ་དང་བཅས་པ་མཁར་རྩེར་ཕེབས། བདག་ཆེན་རིན་པོ་ཆེའི་གསུང་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་འདི་མར་འགྲིབ་ལ་སོང་བ་དང༌། ཁྱད་པར་དུ་ས་སྐྱ་པའི་བསྟན་པ་འདི་ཡང་ད་ལྟ་གང་ནའང་དར་རྒྱས་ཆེ་རྒྱུ་རང་མི་འདུག་རུང༌། ཆོས་རྗེའི་དྲུང་གིས་དབུས་ཕྱོགས་འདིར་བསྟན་པ་ལ་ཕན་ཞྀང་ས་སྐྱ་པའི་རྐང་ཟིན་པ་ཞིག་བྱུང་འདུག །ངེད་ཚོས་ས་སྐྱ་པའི་ཞལ་ངོ་ཆིབས་རགས་བསྒྲིགས་ནས་ཡོང་དུས། ལྷ་ས་བྲག་སྒོའི་ཐད་དུ་སྟར་སྡོང་དཔོན་པོ་དང་འཕྲད་ཚེ་རྦུད་ཤར་རེ་འགྲོ་ཡང༌། ཆོས་རྗེའི་དྲུང་ལ་ས་དགའ་ལྡན་ཐམས་ཅད་མཐུན་གྲུབ་པ་འདུག །དཔལ་ལྡན་ལྷུན་གྲུབ་རྩེ་འདི་ཡང་འཕན་ཡུལ་ལུང་པའི་བདེ་སྐྱིད་ལ་ཕན་པ་དང༌། ས་སྐྱ་པའི་བསྟན་པ་ལ་ཕན་པའི་ས་གནད་ཅིག་ཡོད་པས། ཁྱེད་དཔོན་སློབ་ཀྱིས་འཛིན་དགོས་ཕེབས། བདག་ཆེན་ཞལ་སྔ་ནས་བརྒྱུད་པའི་མགོན་པོའི་སྐོར་སོགས། ས་སྐྱ་པའི་ཕ་ཆོས་དེ་རྣམས་ཆོས་རྗེ་ཚར་པ་ལ་ཞུ་འདོད་ཡོད་པ་ཡིན་ཀྱང༌། མི་ངན་གྱི་བྱེད་པར་བརྟེན། རྟེན་འབྲེལ་འགྲིག་པ་ཞིག་མ་བྱུང༌། དེ་རྣམས་མཚམས་བབས་ཞིག་ཏུ་བསོད་ནམས་དབང་པོ་ལ་འཕྲོད་