[A:༨༧]པ་ཞིག་གནང་དགོས་ཕེབས་པ་སོགས་བཀའ་བཀོད་ཞིབ་རྒྱས་དང་བཅས་པ་ཕེབས། དཔལ་ལྡན་རྩེ་རྩིས་སྤྲད་གནང༌། སྒོ་མོ་དཔལ་ལྡན་རྩེ་སོགས་སུ་གཞི་ལེན་འབུལ་བ་ཕུན་སུམ་ཚོགས་པ་བསྒྲུབས། ཐུགས་ཤིན་ཏུ་མཉེས་པ་བྱུང༌། དེ་ནས་དགོན་པ་རྣམས་སུ་ལམ་འབྲས་སོགས་ཆོས་ཤིན་ཏུ་མང་བ་གནང་སྟེ། བསྟན་པ་ལ་ཕན་ཅི་ཐོགས་བྱས། སྐབས་ཤིག་ལོར་མགོན་པོའི་གཏོར་བཟློག་ཅིག་ས་རིབ་རྟིང་ལ་གནང་བས་གཏོར་མའི་ཁྲོད་ནས་མེ་རྫ་མ་ཙམ་ཞིག་འཐོན་ནས་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་སོང་བ་ཀུན་གྱིས་མཐོང༌། ཡང་སྐྱིད་ཤོད་ནས་མིའི་དབང་པོ་ཆོས་ཀྱི་རྒྱལ་པོའི་གཞིས་ཀ་བྲག་དཀར་དུ་གདན་འདྲེན་ཞུས། དེར་སྐུ་མཚམས་རྒྱངས་པ་མཛད། རྗེས་སུ་རི་བོ་དགའ་ལྡན་པའི་གཙུག་རྒྱན་དམ་པ་ཞལ་སྔ་ནས་བསྒོམ་སྡེ་སོགས་ལ་དུས་འཁོར་རྒྱུད་ལ་སོགས་པའི་བཀའ་ཆོས་བསམ་གྱིས་མི་ཁྱབ་པ་གནང༌། དེའི་དུས་ནང་སོ་ལོ་པའི་ཞལ་ངོ་ཞིག་ལ་ལྷ་འདྲེ་གདུག་པ་ཅན་མང་པོས་འཚེ་བའི་བསྙེལ་གཞི་ཚན་ཆེ་བར་བྱུང་བས། རྗེ་འདི་ཉིད་ཕེབས་པས་ལོའི་གཞིས་ག་མེ་དཔུང་ཆེན་པོར་མཐོང་སྟེ་གླགས་མ་རྙེད་པ་དང༌། ཡང་ལྕང་ལོ་ཅན་ནས་ནང་སོ་གདོན་དྲག་པོ་ཞིག་གིས་བཏབ་སྟེ། ཐབས་གང་བྱས་ཀྱང་མ་ཕན་པ་ལ། རྗེ་འདི་ཉིད་གདན་དྲངས་པས་ཕེབས་འཕྲལ་གདོན་རྣམས་དོན་སོང་བ་མིག་མཐོང་བས་མཐོང་བ་དང༌། ཁོང་རྣམས་ལ་ཡང་གནོད་པ་མ་བྱུང་ཞིང་དད་ཐོབ་ཏུ་གྱུར། ཡང་རང་གིས་བསམ་བློ་བཏང་བས། སྔར་ནས་བསམ་པའི་གནས་དེར་ཐུགས་དམ་བྱེད་རྒྱུ་མ་བྱུང༌། འོན་ཀྱང་བླ་མ་དམ་པ་དག་ཅི་གསུང་བྱས་པས་ཅི་བྱས་ནའང་ལས་སླ་བ་འདུག་བསམ་འདི་སྐད་དོ། །