R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༨༨
[A:༨༨]འཇམ་དབྱངས་རྣམ་སྤྲུལ་དཔལ་ལྡན་ས་སྐྱ་པའི། །སྙན་བརྒྱུད་བསྟན་པའི་བདག་པོ་དྲིན་ཅན་རྗེ། །གངས་ཅན་འདི་ན་བསྟན་པའི་རྒྱལ་མཚན་འཛིན། །སྐྱ་སེང་བུ་ལྟར་འགྲན་ཟླ་རབ་དབེན་པའི། །མཚན་ཙམ་བརྗོད་དཀའ་རྗེ་བཙུན་ཚར་པ་རྗེ། །མ་གཏོགས་སྐྱབས་གཞན་ཙབ་ཙུབ་མ་བྱས་པས། །གྲོས་སྣ་ཐོན་ཞིང་དོན་གྲུབ་ཚད་ཅིག་བྱུང༌། །བློ་ཕུགས་དམ་པའི་ཆོས་ལ་བསྟད་པས། །བསྟད་ས་མ་ལོག་ཚད་ཅིག་བྱུང༌། །སྒྲོ་འདོགས་རང་གི་སེམས་ལ་བཅད་པས། །ངེས་ཤེས་སྐྱེས་པའི་ཚད་ཅིག་བྱུང༌། །གང་བྱེད་ཆོས་དང་མཐུན་པར་བྱས་པས། །ཆོས་དང་མི་འབྲལ་ཚད་ཅིག་བྱུང༌། །རྒྱལ་ཁ་གནོད་བྱེད་ཀུན་ལ་བཏང་བས། །དགྲ་འདྲེ་ཉུང་བའི་ཚད་ཅིག་བྱུང༌། །གང་དུ་བསྡད་ཀྱང་འཛིན་ཆགས་སྤངས་པས། །གསོག་རུམ་ཆུང་བའི་ཚད་ཅིག་བྱུང༌། །འཕམ་ཁ་རང་གི་ཕྱོགས་ལ་བཏང་བས། །ཞེ་སྡང་ཆུང་བའི་ཚད་ཅིག་བྱུང༌། །རང་དོན་སྤངས་ནས་གཞན་དོན་བྱས་པས། །སྦྱིན་བདག་མང་བའི་ཚད་ཅིག་བྱུང༌། །གལ་ཆུང་རང་ཉིད་ཁོ་ནར་བྱས་པས། །མི་རྣམས་དད་པའི་ཚད་ཅིག་བྱུང༌། །རྒྱུ་རྣམས་བྱུང་ཚད་མི་ལ་སྦྱིན་པས། །ལོངས་སྤྱོད་ཆེ་བའི་ཚད་ཅིག་བྱུང༌། །རང་ལུས་ཡི་དམ་འབྲལ་མེད་བསྒོམས་པས། །ཞེན་ཆགས་ཆུང་བའི་ཚད་ཅིག་བྱུང༌། །དྲག་སྔགས་ཟབ་མོ་མང་དུ་བཟླས་པས། །ནུས་པ་ཆེ་བའི་ཚད་ཅིང་བྱུང༌། །དྲན་པ་ཡེངས་མེད་རྒྱུན་དུ་བསྟེན་པས། །གཉིས་འཛིན་ཆུང་བའི་ཚད་ཅིག་བྱུང༌། །བླ་མ་འབྲལ་མེད་སྦྱི་བོར་བསྒོམས་པས། །བྱིན་རླབས་ཞུགས་པའི་ཚད་ཅིག་བྱུང༌། །གསོལ་བ་དམ་པ་རྗེ་ལ་བཏབ་པས། །བྱིན་རླབས་མྱུར་བའི་ཚད་ཅིག་བྱུང༌། །ལྟར་མེད་