R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༩༠
[A:༩༠]བཏང་བས། ཁོ་རང་ཡང་ན། བུ་མོ་འཆི་བ་ལ་ཐུག་ཟེར། སྐྱ་བཙུན་གཉིས་འུར་རྡོར་བཟུང་ཐམས་ཅད་སྲུངས། ཁྱད་པར་ཁོང་དཔོན་སློབ་ཀྱི་འབོད་མི་ཡོང་བ་ཡོད་པས་ཡོང་མི་ཐུབ་པ་འདུག་ཞུས་ཟེར་ལོག་བྱུང་བས་རྣལ་འབྱོར་པའི་འདོད་པ་འགྲུབ། བླ་མ་དཀོན་མཆོག་ཐུགས་རྗེ་ཆེ་བསམ། དགའ་སྤྲོའི་ངང་ནས་ལངས་ནས་གར་བྱས། རྐང་པ་གཡས་པ་ཐེང་གསུམ་གཡས་སུ་བོར་ནས། གཟུང་བའི་རྟོག་པའི་མགོ་ལ་ཆོས་ཉིད་ཀྱི་བྲོ་བརྡུངས། གཡོན་པ་ཐེངས་གསུམ་གཡོན་དུ་བོར་ནས། འཛིན་པའི་རྟོག་པའི་མགོ་ལ་ཆོས་ཉིད་ཀྱི་བྲོ་བརྡུངས། དབུས་སུ་གཉིས་ཀ་དོར་ནས། གཉིས་བསྡུས་འཛིན་བཅས་མགོ་ལ་ཆོས་ཉིད་ཀྱི་བྲོ་བརྡུངས། སྣང་སྟོང་དབྱེར་མེད་གར་གྱི་རོལ་པས་གར་རྩེས། རེ་ཞིག་གདན་གྱི་ཁད་དུ་མི་གཡོ་གསུམ་གྱི་ངང་དུ་བཞག །ཆོས་པ་བཟང་པོ་རྣམས་ལ་དད་པ་དང་རྗེས་སུ་ཡི་རང་སྐྱེད། དགེ་སྦྱོར་གྱི་རྐང་མ་ཚུགས་པའི་ནད་མེད་གཟུགས་པོ་བཟང༌། ཟས་སྐོམ་གྱིས་མ་འཕོངས་པའི་དུས་ཀྱི་ཆོས་པ་བཟང་པོར་རློམས་པ་དང༌། རྐྱེན་ངན་གཉེན་པོས་མི་ཐུབ་པའི་ཆོས་པ་དང༌། བསམ་བཅད་མཁན། སྔགས་བན་ལ་ལའི་སྤྱོད་འགྲོས་ལ་བལྟས་ན། སྙིང་རྗེ་ལེགས་པར་སྐྱེས། དེ་དག་ལ་སྨོན་ལམ་ལེགས་པར་བཏབ། སླར་ག་རེ་ན་དགའ་ཤི་སྐྱིད་ཀྱི་རྦད་ཁམས་དང༌། བླ་མ་དཀོན་མཆོག་ལ་བློ་བཀལ། ང་རང་གིས་ང་རང་ལ་བལྟས་པས། རང་ཤར་གྱི་རྟོགས་སྤྱོད་འགའ་ཤར་བྱུང་བ། ལབས་པ་ལ་ཡང་དགོས་པ་མི་འདུག །གསངས་ཀྱང་འདི་ཡིན་མི་འདུག་སྙམ་སྟེ། ཉམས་ཤར་འདི་གང་བྱུང་དུ་བླངས་པ། མགོན་རིགས་བརྒྱའི་ཁྱབ་བདག་ཧེ་རུ་ཀ །གཞི་དུག་ལྔའི་ནད་གདོན་སེལ་