[A:༩༡]མཛད་པའི། །རྗེ་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །ཕ་རྗེ་བཙུན་ཚར་པའི་ཞབས་ལ་འདུད། །བདག་འབྲལ་མེད་སྙིང་གི་དཀྱིལ་དུ་བཞུགས། །ཐུགས་རྗེས་བྱིན་གྱིས་བརླབས་ཏུ་གསོལ། །སྔོན་ཚོགས་གཉིས་བསགས་པས་རྗེ་བཙུན་མཇལ། །མཇལ་ས་མ་ལོག་སྐྱིད་པ་ལ། །འདོད་ཡོན་ཚིམ་མེད་བློ་ཡིས་བཏང༌། །བདག་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང༌། །མཚན་ཉིད་གཞུང་ལུགས་ཡངས་པ་ལ། །ཕྱི་སྒྲོ་འདོགས་ཆོད་པས་སྐྱིད་པ་ལ། །ཁྱད་འཕགས་རྣལ་འབྱོར་བླ་མེད་ཀྱི། །རྒྱུད་ཟབ་མོའི་ཡང་སྙིང་བསྡུས་པ་ཡི། །སྨིན་གྲོལ་གྱི་ལམ་མཆོག་ཟབ་མོ་ལ། །བདག་ཐོས་བསམ་མ་ལོག་སྐྱིད་པ་ལ། །རྗེ་རྡོ་རྗེ་འཆང་ནས་རྗེ་བཙུན་བར། །བཀའ་དབང་བཞིའི་ཆུ་བོ་མ་ནུབ་ཅིང༌། །ལམ་བསྐྱེད་རྫོགས་དྲོད་རྟགས་མ་ཉམས་པར། །ཆོས་བརྒྱུད་པ་བཟང་བས་སྐྱིད་པ་ལས། །ད་སྙིང་ནས་གསོལ་བ་བཏབ་པའི་མཐུས། །ཕ་སྤྲུལ་སྐུ་ཁྱེད་ཀྱི་ཐུགས་རྗེས་བཟུང༌། །ཆོས་ཟབ་མོ་བུམ་པ་གང་བྱོར་གནང༌། །ང་ཉམས་སུ་མྱོང་བས་སྐྱིད་པ་ལ། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ནས། །གཞི་སྐུ་བཞིའི་ནོར་བུ་ལེན་པ་ལ། །ཕ་བླ་མ་མཁས་པའི་དེད་དཔོན་ཡོད། །བློ་གཏད་ས་མ་ལོག་སྐྱིད་པ་ལ། །ཕ་གཞིས་དང་ནོར་རྫས་མིས་ཕྲོགས་ཀྱང༌། །རྗེ་ཡིད་བཞིན་ནོར་བུའི་ཐུགས་རྗེ་ལས། །བདག་ནོར་བདུན་དག་གིས་ཕྱུག་པ་བྱུང༌། །ང་ཕུན་སུམ་ཚོགས་པས་སྐྱིད་པ་ལ། །ལུས་ནད་དང་གནོད་པའི་སྡུག་བསྔལ་ལས། །ང་སྟོང་ཉིད་སྙིང་རྗེའི་བཞུ་བཏུལ་ཤེས། །སྡུག་བསྔལ་རྒྱན་དུ་འཆར་བ་ཨེ་མ་ཧོ། །ང་བར་ཆད་མེད་པས་སྐྱིད་པ་ལ།