R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༨༩
[A:༨༩]སེམས་ལ་འབྲལ་མེད་བལྟས་པས། །རྣམ་རྟོག་ཆུང་བའི་ཚད་ཅིང་བྱུང༌། །རྒྱུན་དུ་བསྟན་པའི་ལུགས་སུ་གནས་པས། །གྲིབ་ཆམ་ཉུང་བའི་ཚད་ཅིག་བྱུང༌། །གདམས་པ་ཟབ་མོའི་ཉམས་ལེན་བྱས་པས། འགོ་ནད་མི་ཡོང་ཚད་ཅིག་བྱུང༌། །བྱང་ཆུབ་སེམས་གཉིས་རྒྱུན་དུ་བསྒོམས་པས། །འགྲོ་བ་བདུན་པའི་ཚད་ཅིག་བྱུང༌། །དག་སྣང་ཆོས་མཛད་ཡོངས་ལ་བྱས་པས། །གཞན་གྱིས་བྱམས་པའི་ཚད་ཅིག་བྱུང༌། །བླ་མས་ཅི་གསུང་བཀའ་བཞིན་བསྒྲུབས་པས། །ཐུགས་རྗེས་གཟིགས་པའི་ཚད་ཅིག་བྱུང༌། །གང་ཡོད་དམ་པ་རྗེ་ལ་ཕུལ་བས། །རྟེན་འབྲེལ་འགྲིག་པའི་ཚད་ཅིག་བྱུང༌། །དམ་པའི་ཆོས་ལ་གཅེས་སྤྲས་བྱས་པས། །སྣོད་དང་ལྡན་པའི་ཚད་ཅིག་བྱུང༌། །དེ་ཉིད་སྣོད་ལྡན་སྟོན་ཤེས་བྱས་པས། །བཀའ་ཆད་ཆུང་བའི་ཚད་ཅིག་བྱུང༌། །ཁམས་དང་བསྟུན་པའི་ཟ་མ་བསྟེན་པས། །ན་ཚ་ཉུང་བའི་ཚད་ཅིག་བྱུང༌། །མཉམ་གཞག་རྗེས་ཐོབ་ལྟ་བས་ཟིན་པས། །དགེ་སྦྱོར་འཕེལ་བའི་ཚད་ཅིག་བྱུང༌། །ཞེས་སོ། །ལོ་དགོན་པ་ན་བཞུགས་དུས། །ཡང་ཡུལ་ཕྱོགས་མེད་ཀྱི་རྣལ་འབྱོར། །རོང་པ་བྱ་བཏང་སྔོན་པོ་བོད་མཁར་བ། །མིང་དངོས་མི་ཏྲི་ཞེས་བྱ་བ། །ན་རྒྱུ་རྡུལ་ཙམ་མེད་པ་ལ་ན་བའི་ཚུལ་བསྟན། སྨན་པ་སོགས་ཀྱི་ཚབ་ཚུབ་མེད་པར་གང་བྱུང་ཐུགས་རྗེར་ཤེས་པའི་རྦད་ཁམ་གྱིས། ན་བ་ཁོ་རང་ཅི་དགར་ཆམ་ལ་སྐྱུར། དགེ་སྦྱོར་གང་འཕེལ་གྱི་ངང་ནས་མཚམས་ལ་བསྡད་པས། ཟླ་བོ་རྣམས་ལྷ་རྗེ་བོས་ན་ཟེར། མ་བོས་ན་ནན་མ་ཁྱག་པར། ལྷ་ལུང་པ་ཡང་ཟེར། ཨེན་ཙ་བ་ཡང་ཟེར་བ་དེ་དག་གདན་འདྲེན་ལ་བཏང་བས། གནངས་བ་སུ་ལ་ཐོང་ཟེར་