[A:༩༣]ལ་གཟིགས་མོ་ལ་ཕེབས་པས། སྐུ་རྒྱབ་ཀྱི་གཡས་ཕྱོགས་ན་སྒོ་སྒྲིགས་ཤིན་ཏུ་ཆེ་བ་ཡོད་པ། གཅིག་ཤུགས་ཆེ་བར་གསོལ་ལྕོག་གི་སྟེང་དུ་ལྷུང་ནས། གསོལ་ལྕོག་སྟེང་ན་ཡོད་པའི་སྦྱིན་བདག་གི་ཞལ་དཀར་ཕྱེ་མར་སོང༌། དབང་བུམ་གཉིས་སྐྱོན་མེད་དུ་བཞུགས་གདན་སྟེང་དུ་ཚུར་ལྷུངས། ཕྱག་ཌཱ་མ་ཕྱག་དྲིལ་གནས་མ་འགྱུར་ཞིང་སྐྱོན་ཅུང་ཟད་ཀྱང་མེད་པར་ཕྱག་དྲིལ་གྱི་དབུས་རས་སྒོ་སྒྲིགས་གྱོང་མོར་སོང་བ་དང༌། རྡོ་གཉན་གྱི་ཀ་པཱ་ལི་གནས་ནས་བསྐྱོད་ཀྱང་སྐྱོན་མེད་བདུད་རྩི་མ་བོ་བ་དང༌། ཡང་བསྟན་པ་སྟོབས་ཀྱིས་འཛིན་ཅིང༌། བསྟན་འཛིན་གུས་པས་མཆོད་པའི་སའི་བརྒྱ་བྱིན་ཆེན་པོ་སྐྱིད་ཤོད་ནས་སྡེ་པ་བཀྲ་ཤིས་རབ་བརྟན་པ་དེ་ཉིད་ཀྱིས་གཞིས་ཀ་ཆེན་པོ་བདེ་ཆེན་དུ་སྤྱན་དྲངས་དུས། དབྱར་གཙང་རྒྱས་དུས་ཆུ་ཤིན་ཏུ་ཆེ་བ་ལ། ཀོ་མཁན་ཆང་གི་བཟི་བའི་ཀོ་བ་གར་འགྲོ་མེད་པ་ལ། རྫོང་རྒྱབ་ཀྱི་བྲག་ལ་ཆུ་འཐབ་ལ། ཤིང་སྡོང་ཆུའི་ཕྱོགས་ལ་འགྱེལ་བ་དང༌། རྦ་ཀློང་གི་དཀྱིལ་དུ་འཆོར་བར་ཤར་དུས་རྗེ་ཉིད་ཀྱིས་སྡོང་པོ་ལ་སྤྱན་གྱི་ལྟ་སྟངས་གཟིགས་པས། ཀོ་བ་དེ་ཉིད་བྱང་ཕྱོགས་སུ་རྒྱང་སྟེ་སོང་ནས་ཆུ་བོའི་འཇིགས་པ་ལས་སྒྲོལ། ཡང་སྐབས་ཤིག་དཔོན་སློབ་ཤིན་ཏུ་ཉུང་བསྡུས་ཀྱི་ལྔ་ཙམ་གྱིས་སྒོ་ལར་ཕེབས། ཇག་པ་མི་བཞི་བཅུ་ལྷག་ཙམ་གྱིས་བསྒུགས་བསྡད་པའི་སྟེང་དུ་ཁེལ་བས། མཐོང་སྣང་ཇི་འདྲ་བྱུང་ཀྱང་ཁ་ཡང་མི་ལབ་པ་མིག་ཧུར་རེ་བསྡད་འདུག །ངེད་ཕྱག་གཡོག་རྣམས་ཀྱིས་ཞེད་པོ་བྱུང་ཞུས་པས། བླ་མ་དཀོན་མཆོག་ལ་བློ་བཀལ་ན་དེ་འདྲ་ཡོང་གསུང༌། ཡང་སྐབས་ཤིག་དཔོན་སློབ་ཉུང་པོ་ཞིག་གིས་ལོ་ནས་འཕན་ཡུལ་ལ་ཕེབས་