[A:༩༥]ཤིས་པ་གཉིས་ཀྱིས་སྐྱོ་ངལ་སྤངས་པའི་མདོ་སྔགས་ཀྱི་གྲྭ་ཚང་བཙུགས་པའི་བསྟན་པ་ལ་ཕན་པ་གནང་དགོངས་ཀྱང༌། བསྟན་པའི་སྐུ་ཆགས་ཀྱིས་གནང་མ་ཐུབ། མཁན་རིན་པོ་ཆེ་རིན་ཆེན་བཀྲ་ཤིས་པ་ལ། ཁྱེད་དགེ་བའི་བཤེས་གཉེན་བསྟན་པའི་བྱ་བ་གནང་ཐུབ་པའི་ཆེན་པོ་ཡིན་པས་བཞུགས་དགོས་གསུང༌། རིན་པོ་ཆེ་རིན་ཆེན་བཀྲ་ཤིས་པས་ང་འགྲོ་བ་བབ། རིན་པོ་ཆེ་བསྟན་པ་དང་སེམས་ཅན་ལ་དགོངས་ནས་བཞུགས་པ་བབ་གསུང༌། མདོར་ན་རྗེ་འདི་ཉིད་ལ་འཇིག་རྟེན་པའི་ལྷ་འདྲེ་ཅི་འཚུབ་ཟེར་བ་ཡོད་ཀྱང༌། གང་ན་ཡོད་ཀྱང་ཆིབས་པ་དང་སྐུ་འཁོར་ཙམ་ལ་ཡང་གནོད་མི་ནུས། མི་གཞན་ལ་གནོད་འདུག་ནའང་བྱིན་རླབས་གནང་བས་ཕན་འགྲོ། གཞི་བདག་གཏོར་མ་ཙམ་གནང་བས་ཀྱང༌། ལྷ་ཆེན་བཟང་ར་ཁམ་པ་ཇ་པའི་རྣམ་པ་ཅན་དུ་མནལ་ལམ་དུ་བྱུང་ནས། སང་འདིར་ཆིབས་པ་འབུལ་མི་ཡོང་བ་ཡོད་པས་ཐུགས་ཅག་མཛོད་ཅིག་ཕན་ཐོགས་པ་ཡོད་དོ་ཞུ། དེ་ཡང་རྟ་སྤུ་མདོག་འདི་འདྲ་ཞིག་ཡོད་དེ་ཟེར། དེའི་དུས་ཐོར་བ་བྱུང་དུས་གུར་མ་འབྲོག་པའི་ཕྱུག་པོ་ཆེ་བ་ཞིག་གི་བུ་གཅིག་པོ་ན་བའི་རིམ་གྲོར་བྱུང་བ་ཐུགས་ཅག་མཛད་པས། རྟ་ལ་དགོས་པའི་ཡོན་ཏན་ཀུན་ལྡན་ཞིང་ཐུགས་བདེ་ཆོད་པའི་ཚད་ཅིག་བྱུང༌། མགྱོགས་པ་བྱ་འདྲ་བས་ན་བྱ། ལྷ་ཆེན་བཟང་རས་ཕུལ་བས་ན་བཟང་སྟེ་མིང་བྱ་བཟང་དུ་བཏགས། རྗེ་བཙུན་བླ་མའི་བཀའ་བཞིན་ལེགས་བསྒྲུབས་པས། །ཡི་དམ་ལྷ་ཡི་ཞལ་ནི་མངོན་སུམ་གཟིགས། །དམ་ཅན་རྒྱ་མཚོས་འཕྲིན་ལས་ཐོགས་མེད་སྒྲུབ། །ཨེ་མ་འགྲོ་བའི་མགོན་པོ་