R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༩༦
[A:༩༦]ཁྱོད་ཉིད་མཚར། །ཆོས་ལ་དཀར་བའི་ལྷས་ཀྱང་དངོས་གྲུབ་འབུལ། །ལྔ་པ་ཉམས་རྟོགས་ཀྱི་འབྲས་བུ་སྨིན་ཏེ། གཞན་སྐལ་ལྡན་གྱི་གདུལ་བྱ་རྗེས་སུ་བཟུང་བའི་ཚུལ་ནི། དེ་ལྟར་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྩོན་པས། ཐ་མལ་སྣང་ཞེན་གྱི་དྲི་མ་དག་སྟེ། ལམ་བསྐྱེད་པའི་རིམ་པ་དང༌། རྡོ་རྗེ་སྔགས་ཀྱི་བཟླས་བརྗོད་མཐར་ཕྱིན་པས། མཁའ་འགྲོ་ཆོས་སྐྱོང་རྣམས་བྲན་དུ་འཁོལ། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་དག་སྟེ། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་རྟོག་པ་མངོན་དུ་གྱུར་པ་ལ་བརྟེན་ནས། མི་དང་མི་མ་ཡིན་པའི་ཆེ་བཙུན་ཕལ་ཆེར་རྗེ་བཙུན་བླ་མ་དམ་པ་འདིའི་བཀའ་འབངས་སུ་འདུས་པ་ཡིན་ནོ། །དཔལ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང༌། །ཆོས་སྙན་བརྒྱུད་ཀྱི་བདག་པོ་ཚར་པ་རྗེ། །ཕ་འགྲན་ཟླ་ཀུན་བྲལ་ཧེ་རུ་ཀ །སྐྱབས་གསུམ་ཀུན་འདུས་ཀྱི་ཞབས་ལ་འདུད། །ཕུན་ཚོགས་ལེགས་བྱས་ཆུ་ཤེལ་ཁམས་ལས་གྲུབ། །དལ་འབྱོར་རི་དགས་གཟུགས་ཀྱི་མཚན་མས་མཛེས། །ཐོས་བསམ་འོད་བརྒྱ་འགྱེད་པའི་བསིལ་ཟེར་ཅན། །དལ་ཐོབ་བསྟན་དང་མཇལ་བ་ཡི་མཻ་ཏྲི་ངའི་སྐྱིད་པ་ལ། །བླ་མ་བློ་གསལ་དང་ཤཱཀྱ་ཀུན་མཁྱེན་ལོ་པ་དང་བཞི། །བླ་མ་དེ་བཞི་དང་མཇལ་བའི་རྣལ་འབྱོར་མཻ་ཏྲི་ངའི་སྐྱིད་པ་ལ། །སྡོམ་པ་སོ་ཐར་བྱང་སེམས་རིགས་འཛིན་སྐྱོན་མེད་དང་བཞི། །སྡོམ་པ་དེ་བཞི་དང་ལྡན་པའི་རྣལ་འབྱོར་མཻ་ཏྲི་ངའི་སྐྱིད་པ་ལ། །ལམ་འབྲས་ནི་གུ་དང་སྙན་བརྒྱུད་མགོན་པོ་གུར་ཞལ་དང་བཞི། །དམ་ཆོས་འདི་བཞི་དང་ལྡན་པའི་རྣལ་འབྱོར་མཻ་ཏྲི་ངའི་སྐྱིད་པ་ལ། །རྒྱུད་སྡེ་ཀྱེ་རྡོར་བདེ་མཆོག་གསང་འདུས་འཇིགས་བྱེད་དང་བཞི། །རྒྱུད་སྡེ་དེ་བཞི་ལ་སྦྱངས་པའི་རྣལ་འབྱོར་