[A:༩༧]མཻ་ཏྲི་ངའི་སྐྱིད་པ་ལ། །བསྐྱེད་རྫོགས་རབ་བྱུང་གི་ཡེ་ཤེས་དབང་བཞི་དང་འབྲེལ་བའི་ལམ། །ཉམས་ལེན་འདི་བཞི་དང་ལྡན་པའི་རྣལ་འབྱོར་མཻ་ཏྲི་ངའི་སྐྱིད་པ་ལ། །བདག་བློ་མོས་གུས་དང་དག་སྣང་སྙིང་རྗེ་ཡི་རང་དང་བཞི། །བོགས་འདོན་འདི་བཞི་དང་ལྡན་པའི་རྣལ་འབྱོར་མཻ་ཏྲི་ངའི་སྐྱིད་པ་ལ། །སྐྱབས་གནས་བླ་མ་དང་ཡི་དམ་གུར་ཞལ་རྣམ་གཉིས་དང་བཞི། །སྐྱབས་གནས་དེ་བཞི་དང་ལྡན་པའི་རྣལ་འབྱོར་མཻ་ཏྲི་ངའི་སྐྱིད་པ་ལ། །འབྲས་བུ་སྤྲུལ་སྐུ་དང་ལོངས་སྐུ་ཆོས་སྐུ་ངོ་བོ་ཉིད་དང་བཞི། །འབྲས་བུ་འདི་བཞི་ཐོབ་འདོད་ཀྱི་རྣལ་འབྱོར་མཻ་ཏྲི་ངའི་སྐྱིད་པ་ལ། །བྱ་བྲལ་ཁའུ་པ་ངའི་དགའ་བ་ལ། །རྣལ་འབྱོར་རོང་པ་སྔོ་བསངས་ངའི་སྐྱིད་པ་ལ། །མོས་གུས་ཀྱི་བྱིན་རླབས་ཞུགས་པ་ཡིན། །དེ་དོན་གྱི་འཕྲིན་ལས་བྱུང་བ་ཡིན། །ཅེས་གནས་བྱིན་རླབས་ཅན་དཔལ་ལྡན་བླ་མ་དམ་པའི་བཞུགས་གནས་ཆོས་རྫོང་གི་ནུབ་བྱང༌། གཙང་པ་རྒྱ་རས་ཀྱིས་བྱང་ཆུབ་བརྙེས་པའི་ཀློང་རྡོལ་གྱི་བྱ་འདབས། ཕུན་ཚོགས་མཁར་སྔ་སྐྱིད་པའི་ཡང་རྩེར་ཐལ་བྱུང་དུ་ཤར་ཞིང་བླངས་པའོ། །བསམས་ན་ཤེས་པའི་མངོན་པར་ཤེས་པའང་མངའ་བ་ཡིན་ཏེ། སྐབས་ཤིག་དཔལ་ལྡན་རྩེར་བཞུགས་དུས། བདག་རྣམས་ལ་ཐུགས་བརྩེ་བས་དགོངས་པའི་གསུང་ནས། ངེད་རང་གིས་ལོ་ཡང་རྒན་རབ་སོང་ཅི་འདྲ་ཡོད་ཡང་ཐིངས་དཀའ། དང་པོ་སྤྱན་སྔ་རིན་པོ་ཆེས་འབུལ་སྡུད་རྫོང་བ་གནང་བས། རྗེས་སུ་དགོངས་རྫོགས་ཀྱི་རྟེན་བཞེངས་ལ་ཤིན་ཏུ་ཕན་པ་ཞིག་བྱུང༌། ངེད་རང་ལ་ཡིན་མིན་བྱུང་ཚེ་རྟེན་བཞེངས་བཞིན་མ་བྱས་ན་ཡང་ད་ལྟ་སྦྱིན་བདག་ཡག་པོ་ཡོད་པ་ནས་ཅུང་ཟད་