[A:༩༨]ངོ་ཚ། ང་རང་ལ་རྟེན་བཞེང་བྱུང་མ་བྱུང་ལ་ཁྱད་མེད་དེ། ཁྱེད་རྣམས་ལ་བྱེད་དཀའ་ཡོད་པ་འདྲ། དེའི་ཚེ་ན་ཞབས་དྲུང་ཐམས་ཅད་མཁྱེན་པ་བཞུགས་ཐོག་ལ་བཏང་ན་ལེགས་པ་ཡོང་གསུང༌། ཤིང་ཕོ་སྤྲེལ་ལོ་ཟླ་བ་ལྔ་བའི་ཚེས་གཅིག་གི་ཉིན། བོད་ཀྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ཞོགས་སྔ་བར་དཀའ་བཅུ་པ་ལ་སྐུ་དྲུང་དུ་ཤོག་ཕེབས། གསོལ་ཇ་ཀ་ར་བུ་རམ་ལ་སོགས་པའི་འདོད་ཡོན་སྣ་ཚོགས་དང༌། ད་ནང་བྱམས་ཆེན་རབ་འབྱམས་པའི་དུས་ཆེན་ཡིན་ཨང་གསུང༌། ཡིན་ལགས་ཞུས་པས། དེས་ཁྱེད་བོས་པ་ཡིན་གསུང༌། གསོལ་ཇ་ཞལ་དཀར་ལྟེམ་པ་གང་གི་གསོལ་རས་དང༌། ཁོང་གི་ཞལ་ལ་ཀ་ར་བུ་རམ་མང་པོ་འདེབས་པ་གནང༌། ང་ཁྱོད་ལ་ལབ་རྒྱུ་ཞིག་ཡོད། མཆོག་གི་སྤྲུལ་སྐུ་བསོད་ནམས་རྒྱ་མཚོའི་དྲུང་དུ་ཞུ་ཡིག་འབུལ་བ་དང༌། འབུལ་དཔོན་ལ་འགྲོ་དགོས་གསུང༌། དུས་དང་རྣམ་པ་ཐམས་ཅད་དུ་ཐུགས་རྗེས་སྐྱོང་ཞིང༌། བཀའ་གང་གནང་སྐྱོ་ངལ་མེད་པ་སྒྲུབ་པ་ཞིག་ཡོད་པ་ནས། སྔོན་གྱི་གྲུབ་ཐོབ་རྣམས་ཀྱིས་བླ་མའི་བཀའ་བསྒྲུབ་ཕྱིར་ལུས་སྲོག་ཀྱང་བཏང་འདུག་བསམ། དཀའ་བ་དང་དུ་བླང་ནས་ཁས་ལན་ཞུས། ཟླ་བ་དེའི་ཚེས་བཅུ་ལ་དཔལ་ལྡན་ལྷུན་གྲུབ་རྩེ་ནས་རྫོང་བདའ་གནང༌། ཁོང་དཔོན་སློབ་ལ་ལྷ་བརྒྱད་དང་གུ་རུ་ཀུལླེའི་རྗེས་གནང་གནང༌། བཀའ་བཀོད་ལ་ཁྱི་ལོའི་ནང་དུ་སླེབ་པར་གྱིས། མཐའ་མ་ཕག་ལོའི་ནང་དུ་མ་སླེབ་ན་སྟབས་མེད་པས། དེ་དུས་མ་སླེབ་ན་རྒྱུ་ཡང་དགོས་དུས་ཕན་ཐོགས་པ་ཞིག་མི་ཡོང་བ་དང༌། ཁྱོད་རང་ཡང་མཐའ་འཁོབ་ཏུ་རྒྱུན་རིངས་ན་སྡུག་པ་ལས་མེད་གསུང༌། སྤྱི་བོར་ཕྱག་བཞག་གདོང་ལ་ཅེ་རེ་བ་ཞིག་གཟིགས་ནས། ཁྱེད་ཀྱི་ལག་ཏུ་