R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༩༩
[A:༩༩]གསེར་དངུལ་བྱུང་ན་མ་སྒྱུར་བར་ཁྱེར་ཤོག །ངེད་རང་ལ་དགོས་ཆ་ཆེན་པོ་ཡོད་པ་ཡིན་གསུང༌། ཐག་རིངས་པས་ཁྱི་ལོ་མ་འབྱོར་ཀྱང༌། བཀའ་ནང་བསྒྲུབས་པས་བར་ཆད་མེད་པར་ཕག་ལོའི་ནང་དུ་སླེབ་སྟེ་ཞིབ་པར་འོག་ཏུ་གསལ། ཡང་སྐབས་ཤིག་དཔལ་ལྡན་རྩེར་དགོན་པའི་གཏོར་ཟློག་གནང་བའི་ཚེ། ཕྱག་གཡོག་གཞན་ལ་ཐུགས་ཚིག་ཟོས་པ་ཡིན་ཀྱང༌། འབུལ་དཔོན་པ་ལ་ཡིན་རྒྱུ་བར། ཁྱེད་རང་ཚོའི་སྲོག་ལ་གཅེས་ནས་འཛེམས། ང་ནི་ལོ་དྲུག་ཅུ་རེ་གཅིག་ཚུན་ལ་ང་རང་ལ་རང་དབང་འདུས་པའི་གདེངས་ཤིག་ཡོད་གསུང༌། ཡང་སྐབས་ཤིག་ཚལ་ཟུར་ཁང་དུ། མི་དབང་ཆེན་པོ་གཡུལ་རྒྱལ་ནོར་བུས་སྤྱན་དྲངས་དུས། ངེད་དཔོན་སློབ་ཆོས་རྗེ་གུར་པ་ལ་སོགས་པ་མང་དུ་ཡོད་པ་ལ། ངེད་རྣམས་ལ་བཀའ་སྐྱོན་པའི་ཚུལ་གནང་བའི་རྗེས་སུ། ང་རང་ལོ་དྲུག་ཅུ་སྐོར་ལ་ཚར་པ་ཆོས་རྗེའི་དྲུང་དུ་འགྲོ་གསུང༌། ཡང་སྐབས་ཤིག་འབྲས་ཡུལ་སྐྱེད་མོས་ཚལ་དུ་ཕེབས་དུས། གདན་སར་རིན་པོ་ཆེ་གུང་ན་བཞུགས། གསུང་ནས་རིན་པོ་ཆེ་རབ་བརྟན་པ་འཆད་ཉན་སློབ་དཔོན་ལ་ཕེབས་རྒྱུ་ཡིན་གསུང༌། རིན་པོ་ཆེ་དེ་ཉིད་ཀྱི་གསུང་ནས། དེ་དཔོན་སློབ་གཉིས་ཅར་དང་གྲྭ་ས་ལ་མི་ལེགས་གསུང༌། གང་ལྟར་གྲྭ་པའི་ཐུགས་ཞེན་གྱིས་སྐྱེད་མོས་ཚལ་དང༌། གཞིས་ཀ་རིན་སྤུངས་སུ་ལེགས་ཉེས་གང་ཡོད་མི་མཁྱེན་པ་མི་ཡོང་འདུག་ཅིང༌། རྗེས་སུ་དེ་ག་བྱུང་བ་དང༌། ཡང་ངོར་དུ་གདན་སའི་སྐོར་ལ་དེ་དང་འདྲ་བའི་དབྱེན་ཆེན་པོ་ཡོད་ལ་ཁད་པ་ལ། རིན་པོ་ཆེ་དེ་ཉིད་ཀྱིས་འབྲས་ཡུལ་གྱི་དཔེ་དང་བཅས། རྡོ་རྗེ་འཆང་དཀོན་མཆོག་ལྷུན་གྲུབ་ཀྱི་སྐུའི་དབོན་ཆེན་རིན་