[A:༡༤༡]མྱོང་གྲོལ་རིལ་བུའི་སྒོ་ནས་ཐར་ལམ་ལ་འགོད་པར་བཞེད་ནས། སྦྲུལ་ལོ་ཉིད་ནས་བཟུང་སྟེ་ལོ་དྲུག་གི་བར་དུ་བོ་དོང་ཨེའི་ཀུན་ར་དང༌། ཞོང་ཞོང་མ་དང༌། རམ་སྡིངས་མ་སོགས་གནས་ཆེན་རྣམས་སུ་འཕགས་པ་ཐུགས་རྗེ་ཆེན་པོ་བྱང་གཏེར་ལུགས་འགྲོ་བ་ཀུན་སྒྲོལ་གྱི་སྟེང་ནས་སྒྲུབ་ཆེན་གྱི་ཆོ་ག་ཞག་བདུན་ཕྲག་རེའི་བར་སྨིན་རྒྱས་སུ་མཛད་པས་གཞུང་ནས་བཤད་པ་ལྟར་གྱི་ཕུན་སུམ་ཚོགས་པའི་ལྟས་ཕལ་ཆེར་བྱུང་ཞིང་ལྷག་པར་རིལ་བུ་རྣམས་དྲིལ་བུ་དུ་མར་འཕེལ་བ་དང༌། སེམས་ཅན་སྡིག་ཅན་དུ་མ་ཚེ་འཕོ་བའི་དུས་ཁར་ཆུད་ཅིང་མྱོང་བ་རྣམས་ཀྱང༌། གནས་ངན་གྱི་སྡུག་བསྔལ་ལས་གྲོལ་བའི་རྟགས་མངོན་སུམ་དུ་མཐོང་བ་དང༌། སྒྲུབ་པའི་སྐབས་སུ་ལྷ་རྫས་ཀྱི་མེ་ཏོག་བསིལ་མའི་ཆར་ཁ་བ་ལྟར་འབབ་པ་དང༌། ཁ་དོག་སྣ་ཚོགས་པའི་འཇའི་གུར་ཁྱིམ་དང༌། པ་ཏྲ་རིས་ལྟ་བུས་ནམ་མཁའི་ཁམས་ཀུན་ཁྱབ་པ་དང༌། མིའི་འཇིག་རྟེན་དུ་སྔོན་ཡོད་མ་མྱོང་བ་ལྟ་བུའི་ལྷ་རྫས་ཀྱི་དྲི་ངད་ཞིམ་པོས་ཕྱོགས་ཀུན་ཁྱབ་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ལེགས་པར་གྲོལ་བའི་མཐར། དེར་འདུས་ཀྱི་སྐལ་ལྡན་བརྒྱ་ཕྲག་དུ་མ་ལ་སྒྲུབ་དབང་དང་རིལ་བུའི་དབང་ལ་སོགས་པ་མཛད་པའི་སྐབས་སུ་རྗེ་ཉིད་ཡང་དག་པའི་སྣང་བ་དུ་མ་གཟིགས་པ་ལ་བརྟེན་ཐུགས་དམ་ཉམས་བཞེས་པ་དང༌། འདུས་པ་རྣམས་ཀྱང་བྱིན་རླབས་ཀྱི་ཟིལ་རྒྱས་པས་བདེ་ཆེན་གྱི་ཡེ་ཤེས་ཉམས་སུ་མྱོང་བ་སོགས་མདོར་ན་སྐྱེ་བོ་དུ་མ་ལ་ཐར་པའི་ས་བོན་སྐྱོན་མེད་དུ་བཏབ་ནས་དག་པའི་སར་བཀྲི་བར་མཛད་དོ། །དེ་ནས་འཇིགས་བྲལ་ཕྱོགས་ལས་