R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༤༠
[A:༡༤༠]མེད་པའི་ཆོས་བརྒྱད་ཀྱི་ཀུན་ནས་བསླངས་པའི་གཞན་མགོ་སྐོར་བའི་བན་ལིང་ལྟ་བུ་མ་ཡིན་པར། བརྒྱུད་པའི་ཕྱག་ལེན་རྣམ་པར་དག་པ་ལས་བྱུང་བའི་སྤྲོས་པའི་ཕྱག་ལེན་ཀྱང་དུ་མ་ཞིག་མཛད་ལ། དེ་ཐམས་ཅད་ཀྱི་དབང་ལུང་ཕྱག་འཁྲིད། དབྱངས་རོལ་གར་འཆམས། མཐའ་ན་མཆོད་པ་བཤོམ་ཚུལ་ཚུན་ལ་རྗེ་ཉིད་ཀྱི་ཞལ་བཀོད། དཀའ་བའི་གནས་རྣམས་སུ་བསླབ་བྱ་མཐར་ཕྱིན་པ་མཛད་པ་སོགས་དིང་སང་གི་མཁས་པར་རློམ་པའི་སྣང་ཚུལ་དང་ཡེ་མི་འདྲ་བའི་མཛད་པ་བློའི་རྭ་བ་ལས་འདས་པ་ཡིན་ལ། འདིའི་སྐབས་སུ་ཆར་ཧ་ཅང་ཆེས་ན་འཐེན་པ་དང༌། དཀོན་པའི་ཚེ་སྒྲུབ་མཆོད་ཚུགས་འཕྲལ་འབབ་པ་དང༌། གཞན་ཡང་མེ་ཏོག་གི་ཆར་ཁ་བ་ལྟར་འབབ་པ་དང༌། སྣ་ཚོགས་པའི་འཇའ་སྤྲིན་གྱིས་ནམ་མཁའི་ཁམས་ཀུན་ཁྱབ་པ་སོགས། དེར་འདུས་ཀྱི་མིག་ལྡན་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་དེ་ཡིན་ནོ། །སླར་ཡང་ཟླ་བ་དྲུག་པ་དང་བདུན་པ་ལ། རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་དང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོ་གཉིས་ཀྱི་དུས་ཀྱི་མཆོད་པ་ཆེན་པོ་ལ་ཡང༌། དཔལ་ཀྱེ་རྡོ་རྗེ་དང༌། དཔལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་པའི་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོ་ལྔ་ཙམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཞག་བདུན་ཕྲག་རེ་རེའི་བར་དུ་སྒྲུབ་ཅིང་མཆོད་པ། ཆོས་སྐྱོང་གི་གཏོར་སྒྲུབ་སོགས་ཆེས་ཆེར་རྒྱས་པར་མཛད་པ་རྣམས་སྦྲུལ་ལོ་ནས་བཟུང་སྟེ། བྱི་ལོ་དུས་ཀྱི་ཟིང་ལོག་ཆེན་པོ་མ་བྱུང་གི་བར་གཟབས་རྒྱས་སུ་མཛད་དོ། །དེ་ནས་སྤྲུལ་པའི་སྐུ་མཁྱེན་བརྩེའི་ཞབས་ཀྱི་གདུང་སོབ་པ་དང༌། མཐའ་ཡས་པའི་འགྲོ་བ་རྣམས་