R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༤༢
[A:༡༤༢]རྣམ་རྒྱལ་གྱི་བསྟན་པ་གསལ་བར་བཞེད་དེ། ལུག་ལོ་ཡར་འབྲོག་ཏུ་འཆི་མེད་སྤྲུལ་སྐུའི་དྲུང་དུ་ཕེབས་ནས། བོ་དོང་བའི་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གསུམ་ཙམ་གཙོ་བོར་གྱུར་པའི་དབང་ལུང་མང་པོ་ཞིག་གསན་པར་མཛད། དཔོན་སློབ་ཐུགས་ཡིད་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར། འཇིགས་བྲལ་གྱི་བསྟན་པ་གཏད་པ་ལྟ་བུ་མཛད་དབུགས་དབྱུང༌། གཟེངས་བསྟོད། ཤངས་ལེན་སོགས་ཕུན་སུམ་ཚོགས་པར་གནང༌། དེ་ནས་རིམ་གྱིས་ལྷོ་བྲག་གི་གནས་ཕལ་ཆེ་བ་དང༌། སྨྲ་བོ་འཇོག་པོ་སོགས་མཇལ་བ་གནང་བས། མ་རིགས་མའི་གདུང་ལ་ཁརྶཱ་པ་ཎི་རང་བྱོན་དུ་ཕེབས་པ་དང༌། འཚོ་རྒྱལ་གྱི་ཕྱག་བྲིས་ཤོག་སེར་སོགས་བྱིན་རླབས་མང་པོ་ཕྱག་ཏུ་བྱུང་བས་རྟེན་འབྲེལ་ལེགས་ཚོགས་དུ་མ་དང་བཅས་རིམ་པར་བརྒྱུད་དེ་རིན་སྤུངས་སུ་ཕེབས། མིའི་དབང་པོ་ངག་དབང་འཇིགས་གྲགས་ཀྱིས་དད་དང་སྤྲོ་བའི་སྒོ་ནས་གཞི་ལེན་བསྙེན་བཀུར་ཕུན་སུམ་ཚོགས་པ་དང༌། ཆོས་ཀྱི་གླེང་མོས་མིའི་དབང་པོ་དགྱེས་པར་གྱུར། དེ་ནས་རིམ་པས་རམ་སྡིངས་མ་སོགས་བརྒྱུད་དེ་བོ་དོང་ཨེར་ཕེབས་ནས། ཆོས་རྗེ་རིགས་པའི་དབང་ཕྱུག་དང༌། ཆོས་རྗེ་སྲིན་མོ་བ་སོགས་ཕྱོགས་ཀྱི་དགེ་བཤེས་དུ་མ་དང་ཁམས་གཙང་གི་གྲྭ་ས་མང་པོ་སོགས་གཞིས་བྱེས་ཀྱི་དད་ལྡན་དུ་མ་ལ། དཔལ་ཀྱེ་རྡོ་རྗེ། བདེ་མཆོག་ནག་པོ་པ། རྡོ་རྗེ་འཇིགས་བྱེད་སོགས་དབང་མང་པོ། གསང་འདུས་རིམ་ལྔ། རྭ་འཁྲིད་མཁའ་འགྲོའི་སྙན་བརྒྱུད། གུར་ཞལ་གྱི་ཕྱི་ནང་གི་འཁྲིད་སོགས་གྲོལ་བྱེད་ཀྱི་འཁྲིད་མང་པོ། །འཇམ་དབྱངས། སྤྱན་རས་གཟིགས།