R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༤༣
[A:༡༤༣] སྒྲོལ་མ་སོགས་འདོད་ལྷ་མང་པོའི་རྗེས་གནང༌། དེ་དག་གི་ཡི་གེ་མང་པོའི་ལུང༌། ཤངས་ཆོས་ཆེན་པོ་ལྔའི་དབང་འཁྲིད་ཆ་ཚང་བ། གསང་སྔགས་རྙིང་མའི་ཕྱོགས་ཀྱི་ཡང་དབང༌། ལུང་བྱིན་རླབས། བཀའ་གཏད་སོགས་ཆོས་ཀྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པས་དུས་འདའ་བར་མཛད་དོ། །དེ་དག་གི་སྐབས་སུ་བསྟན་པ་སྤྱི་དང༌། བསྟན་པའི་སྦྱིན་བདག་གནས་གསར་པའི་སྐུ་རིམ་སོགས་ལ་གུར་ཞལ་གྱི་གཏོར་ཆེན་མགོན་པོ་གཡུལ་བཟློག་དྲུག་ཅུ་པ་སོགས་གཏོར་བཟློག་མང་པོ་ཞི་རྒྱས་ཀྱི་སྦྱིན་སྲེག་མང་པོ་སོགས་བསྟན་པ་སྤྱི་དང༌། བྱེ་བྲག་གི་རྒྱུན་ཡུན་རིང་དུ་གནས་པར་དགོངས་པ་ཁོ་ན་ཉིན་མཚན་ངལ་མེད་དུ་མཛད་དོ། །དེ་ནས་ཁྱི་ལོ་ཟླ་བ་དང་པོའི་ཚེས་བཅོ་ལྔའི་དུས་བཟང་གི་ཉིན་ཚུགས་པར་མཛད་ནས། ཆོས་རྗེ་བསོད་ནམས་ཚུལ་ཁྲིམས་པ། ཆོས་རྗེ་སྲིན་མོ་དང༌། བདག་གསུམ་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་ཐུན་མོང་མ་ཡིན་པ་ཆ་ལག་ཡོངས་སུ་ཚང་བ་དང་བཅས་པ་ཟླ་བ་དགུའི་བར་དུ་སྨིན་རྒྱས་སུ་སྩལ། མདོར་ན་རྡོ་རྗེ་འཆང་ཚར་པ་ཡབ་སྲས་ཀྱི་སྙན་བརྒྱུད་ཀྱི་བསྟན་པ་ཉིན་མོ་ལྟར་མཛད་ཅིང༌། གསུང་ངག་སྙན་བརྒྱུད་སློབ་བཤད་ཆོས་ཚུལ་དིང་སང་གི་བར་དུ་མ་ཉམས་པར་བཞུགས་པ་ནི་རྗེ་འདི་ཁོ་ནའི་བཀའ་དྲིན་དུ་ངེས་སོ། །དེ་ལྟར་གོང་དུ་ཅུང་ཟད་སྨོས་པ་ལྟར་གསར་རྙིང་མཐའ་དག་གི་དབང་ལུང༌། འཁྲིད། བཤད་པ། མན་ངག །ཞལ་གདམས་སོགས་ཐམས་ཅད་ལ་དཔེ་མཁྱུད་དང༌། སླ་ཆོས་དང༌། གཟུ་ལུམ་དུ་མ་སོང་བར་ཕྱག་འཁྲིད་ཞལ་ཤེས་སུ་བཅས་པས། མ་འཁྲུལ་བ། མ་ཆད་པ། མ་ལྷག་པ། གསལ་ཞིང་གོ་བདེ་བ། འབྲེལ་ཆགས་ཤིང་སྐབས་