R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༤༤
[A:༡༤༤]སུ་བབ་བའི་ཆོས་ཚུལ་དུ་མས་རང་རང་གི་བློ་དང་མཐུན་པར་བཀྲི་བར་མཛད་དོ། །དེ་ལྟར་གོང་དུ་སྨོས་པ་ལྟར་ཆོས་མཐུན་གྱི་མཛད་པ་ཁོ་ན་མ་གཏོགས། གཞན་གྱི་གཡེང་བ་ཐམས་ཅད་བརྒྱང་བསྲིངས་ཏེ་རིམ་གཉིས་ཟབ་མོའི་ཉམས་བཞེས་ཁོ་ན་ལ་རྩེ་གཅིག་ཏུ་བརྩོན་པར་མཛད་ཅིང༌། ལྷག་པར་མཚན་མོའི་ཆ་ལ་མནལ་ཅུང་ཟད་ཀྱང་མི་མཛད་པར་མཉམ་བཞག་ཁོ་ནས་དུས་འདའ་བར་མཛད་པས། སྣོད་བཅུད་ཐམས་ཅད་དག་པའི་སྣང་བར་འཆར་བ་སོགས་དང༌། ངོ་མཚར་བའི་ལྟས་བརྗོད་ཀྱིས་མི་ལང་ཞིང་ཀུན་གྱི་བློར་ཤོང་བ་ཡང་དཀའ་མོད། འོན་ཀྱང་ཅུང་ཞིག་ཙམ་དད་ལྡན་ལོག་རྟོག་ཆུང་བ་བསྐུལ་བ་པོ་དག་གི་ངོར་བརྗོད་ན། དཔལ་སྦུག་ཏུ་ཀྱེ་རྡོ་རྗེའི་གཞི་བསྙེན་སྦྱིན་སྲེག་གི་ཁ་སྐོང་དང་བཅས་པའི་སྐབས་ཤིག་ཐུན་གྱི་སྒང་ཙམ་མནལ་དང་འོད་གསལ་འདྲེས་པའི་གསལ་སྣང་ལ་བུད་མེད་གཞོན་ནུ་ཡིད་དུ་འོང་བ་གཉིས་ཀྱིས་ཀ་པཱ་ལ་བདུད་རྩིས་གང་བ་རེ་རེ་ཕུལ་ནས་གསོལ་བའི་རྗེས་སྔར་དང་མི་འདྲ་བའི་གཞན་གྱིས་བརྗོད་དུ་མེད་པའི་བདེ་ཆེན་གྱི་ཡེ་ཤེས་ཐུགས་ལ་འཁྲུངས་ཤིང༌། དེའི་ཚུལ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་ཞུས་པར། དེ་ནི་ཁ་སྦྱོར་ཡན་ལག་བདུན་ལྡན་ཐོབ་པའི་ལྟས་སུ་འདུག་གསུང་པའི་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་མཛད་དོ། །སྐབས་ཤིག་ཚེས་བཅུའི་དུས་མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ་ཐུགས་ཉམས་ལ་གསལ་བར་གཟིགས་གསུང༌། བདག་ལ་གསུང་ངག་རིན་པོ་ཆེ་གནང་བའི་རྒྱུ་དབང་གི་སྐབས་སུ། རྗེ་ཉིད་བཞུགས་པའི་མདུན་གྱི་ནམ་མཁར་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང༌། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་ཡབ་སྲས་གཉིས་དབང་མ་གྲོལ་བར་