R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༤༩
[A:༡༤༩]དུ་མས་ཀླུབས་ནས་མཆོད་ཚོགས་རབ་འབྱམས་ཀྱི་དབུས་སུ་བཞུགས་སུ་གསོལ་ཏེ། དེར་འདུས་པ་རྣམས་ཀྱིས་གསོལ་འདེབས་ལ་བརྩོན་པར་མཛད། སླར་ཐུགས་དམ་གྲོལ་བའི་ཚུལ་བྱུང་བ་དང༌། ཆོས་རྗེ་རིག་པའི་གཏེར་མཛོད་ཀྱིས་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་སྟེང་ནས་ཞུགས་འབུལ་གྱི་ཆོ་ག་མཛད་བས་ཡུན་ཡང་མ་འགོར་བར་སྐད་ཅིག་ལ་ཞུ་ཐག་ཆོད། ཟླ་བ་དེ་ཉིད་ཀྱི་ཚེས་གསུམ་ནས་བརྩམས་ཏེ་དགོངས་པ་རྫོགས་པའི་མཆོད་འབུལ་རྒྱ་ཆེན་པོ་བསྒྲུབས། རིན་ཐང་མེད་པའི་གདུང་རུས་ལ་དྲི་ཞིམ་པོའི་ཆུས་ཁྲུས་གསོལ་ཞིང་ལྷ་རྫས་ཀྱི་ན་བཟའ་དང་བཅས་ནས་རིན་པོ་ཆེའི་ཟ་མ་ཏོག་ཏུ་སྤྱན་དྲངས་ནས་མཆོད་ཚོགས་དུ་མའི་དབུས་སུ་བཞུགས་སུ་གསོལ། སླར་ཞལ་ཕྱེ་སྟེ་གདུང་ཕལ་ཆེ་བ་ནི་ཆུ་ཤེལ་ལྟར་དངས་པའི་གདུང་ལོག་ཁོ་ནར་གྱུར། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ནི་དཔག་མེད་བྱོན་ཞིང༌། དད་ལྡན་སྐལ་བཟང་འགའི་ཕྱག་ཏུ་བྱུང་བ་ལ། ནཱ་རོ་མཁའ་སྤྱོད་དང༌། སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་སོགས་གསལ་བོར་བྱོན་ཞེས་ཐོས། དེ་ནས་གདུང་ཕལ་ཆེ་བ་རྣམས་གདུང་ཚར་བཏབ། གསེར་མཚལ་ལ་སོགས་པ་ཡིད་དུ་འོང་བའི་ཚོན་དང་ལྷ་རྫས་ཀྱི་ན་བཟའ་དཔག་མེད་ཀྱིས་སྤྲས་པ་གཙོ་བོར་གྱུར་བ་དང༌། གཞན་ཡང་གཟུངས་དང༌། རིང་བསྲེལ་དཔག་མེད་ལས་བགྱིས་པའི་རྗེ་ཉིད་ཀྱི་སྐུ་འབག་འདྲ་མཚར་མི་ཚད་ཙམ་ཞིག་བཞེངས་ཏེ་རབ་གནས་ཀྱང་རྒྱུད་སྡེ་དང་མཐུན་པར་མཁས་བཙུན་དམ་བ་རིགས་པའི་གཏེར་མཛོད་ཀྱིས་མཛད་ཅིང༌། བོ་དོང་གཙོ་བོར་གྱུར་པའི་སྒྲུབ་སྡེ་དེ་ཉིད་དང༌། རམ་སྡིངས་མ་སོགས་སུ་དགོངས་