R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༤༨
[A:༡༤༨]སྐལ་པ་ཞན་པ་དང༌། རྗེ་ཉིད་ཀྱང་ཞིང་ཁམས་གཞན་དུ་གཤེགས་པ་ལ་ལྷག་པར་དགྱེས་པ་དང༌། ལེ་ལོ་ཅན་གྱི་རྨོངས་པ་རྣམས་བརྩོན་པ་བསྐྱེད་པ་དང༌། རྟག་འཛིན་ཅན་རྣམས་ཀྱི་ལོག་པར་རྟོག་པ་དག་གསལ་བ་དང༌། ཞིང་ཁམས་གཞན་གྱི་གདུལ་བྱ་དུས་ལ་བབ་པར་མཁྱེན་ཏེ་རྣམ་པ་གསུང་འཆམ་ཞལ་ཤོར་བ་ལྟ་བུའི་ཉེར་ལེན་བྱས་ཅུང་ཞིག་བསྙུང་བའི་ཚུལ་བསྟན། དེ་སྐབས་འོད་གསལ་གྱི་རྟགས་དུ་མ་གཟིགས་པ་དྲུང་ན་ཡོད་པ་རྣམས་ལ་ཁྱེད་རྣམས་ཀྱིས་ཨེ་མཐོང་གིན་འདུག་ཨ་ཕ་འདི་འདྲའི་ལྟད་མོ་གསུང༌། ཕྱག་ཕྱི་བ་རྣམས་ཀྱིས་ཅི་ལགས་ཞུས་པས། ཕ་རིག་འཛིན་ཆེན་པོའི་སྐུ་དྲིན་ལ་འོད་གསལ་གྱི་རྟགས་རྣམས་ཤར་བར་འདུག་གསུང༌། གཞན་ཡང་ངོ་མཚར་བའི་ལྟས་དུ་མ་དང་བཅས་གླང་ལོ་ཟླ་བ་བཅུ་པའི་ཚེས་གསུམ་གྱི་ནམ་གུང་ཙམ་གྱི་མཁའ་འགྲོ་འདུ་བའི་དུས་ཀྱི་ཆ་ལ་ཞིང་འདིའི་མཛད་པ་བསྡུ་བའི་ཚུལ་བསྟན་ཏེ། བླ་མ་དམ་པ་རྣམས་དང༌། རྒྱལ་བ་སྲས་དང་བཅས་པས་སྔོན་ནས་བསུས། ལྷ་དང་དྲང་སྲོང་གྲུབ་པ་རིག་འཛིན་རྣམས་ཀྱིས་མདུན་ནས་བདར། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཞབས་ནས་འདེག །ལྷ་དང་ལྷ་མོའི་ཚོགས་ཀྱིས་འཇའི་གུར་འཕུབ། མེ་ཏོག་བསིལ་བུའི་ཆར་འབེབས། གཞན་ཡང་ལྷ་རྫས་ཀྱི་གདུགས་དང༌། བ་དན་དང༌། རྒྱལ་མཚན་ལ་སོགས་ཏེ་མཆོད་ཚོགས་བསམ་གྱིས་མི་ཁྱབ་པས་མངོན་པར་མཆོད་བཞིན་པའི་ངང་ནས་གཞན་སྣང་གཟུགས་ཀྱི་སྐུ་ཉིད་ཆོས་དབྱིངས་བདེ་བ་ཆེན་པོའི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པར་མཛད་དོ། །དེ་ནས་གཞལ་དུ་མེད་པའི་སྐུ་གདུང་རིན་པོ་ཆེ་ལ་དྲི་ཞིམ་པོའི་ཆུས་ཁྲུས་གསོལ། ལྷ་རྫས་ཀྱི་ན་བཟའ་