[A:༡༣༠]བསྐུལ་འཕྲོ་ལ་ཡེངས་འགྲོ་བ་འདི་འདྲ་གང་ཡིན་ཟེར། འཐབ་པའི་ཚུལ་བྱས་འདུག་ནའང་གང་ཡིན་གསལ་པོ་ཡེ་མ་གསུངས། འདི་དག་གཟུར་གནས་ཀྱི་མཁས་པས་བརྟགས་ན། སྐྱེ་བ་དུ་མར་ཟབ་ལམ་སྔོན་དུ་མཛད་པའི་རང་བཞིན་རྫོགས་པ་ཆེན་པོ་དང༌། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་ནས་གསུངས་པའི་མཆོག་གི་ལམ་རྟགས་གདོན་མི་ཟ་བ་ཡིན་ནོ། །དེ་ནས་སྐབས་ཤིག་ཏུ་སྐྱེད་ཚལ་ནས་གཙང་དུ་བསོད་སྙོམས་ལ་བྱོན་པ་དང༌། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་སྡིངས་མར་མཁན་པོར་ཕེབས་པ་དང་དུས་མཚུངས་པར་ཞལ་མཇལ་བ་དང༌། དེ་གའི་མོད་ལ་གཞན་གྱིས་འཕྲོག་པར་མི་ནུས་པའི་ཐུགས་དང་ཆེན་པོ་བསམ་གྱིས་མི་ཁྱབ་པ་བྱུང་བ་ལ་བརྟེན། མདོ་ཕྱོགས་ཀྱི་གསན་སྦྱོང་གི་འཕྲོ་ཡང་བཞག །བསོད་སྙོམས་ཀྱི་མུ་ཡང་ཅམ་དེ་བཞག་ནས་མ་བསྐྱངས་པར་དུས་དེ་ནས་བཟུང་སྟེ། བླ་མ་དམ་པ་དེའི་ཞབས་ལ་གཏུག་པར་མཛད་དེ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་པར་མཛད་མོད། གཞན་ཡང་དམ་པ་འདིས་ཁ་བའི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པའི་མཁས་པ་དང་གྲུབ་པ་དུ་མའི་ཞབས་པད་བསྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་གསུང་གི་བདུད་རྩི་ནོད་པར་མཛད་པའི་ཚུལ་ཅུང་ཞིག་བརྗོད་ན་དང་པོར། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་པར་གདོན་མི་ཟ་བ་འཁོན་གྱི་རིགས་སུ་སྐུ་བལྟམས་པ་མཁས་གྲུབ་ཀུན་གྱིས་ཞབས་ཀྱི་པདྨོ་ལ་ཕྱག་བྱས་པ་བདག་ཆེན་ངག་གི་དབང་ཕྱུག །སྐུ་དྲིན་ཆེ་བའི་དམ་པ་རྣམ་གསུམ་ལས་བཀའ་ནོས་ཚུལ་ནི། རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ་ཉིད་གང་འདུལ་གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་ཟློས་གར་ཅི་ཡང་