R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༣༡
[A:༡༣༡]བསྒྱུར་བ་ལས་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་དང༌། ཁ་བའི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྲོག་ཤིང་དམ་པར་གྱུར་པ་བུ་སྟོན་ཐམས་ཅད་མཁྱེན་པ་ལ་སོགས་ཏེ་མཁས་གྲུབ་དུ་མའི་ཚུལ་བཟུང་བའི་མཐར་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་བསྟན་པའི་རྒྱལ་སྲིད་ལ་མངའ་མཛད་པ་དཔལ་ཞ་ལུ་གསེར་བཀང་གི་གདན་ས་བཅུ་གསུམ་པ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ལ་དཔལ་སྦུག་རྣམ་པར་གྲོལ་བའི་རི་ཁྲོད་དུ་གསུང་ངག་རིན་པོ་ཆེ་སློབ་བཤད་ཐུན་མོང་མ་ཡིན་པ་གཙོ་བོར་གྱུར་པའི་གསེར་ཆོས་བཅུ་གསུམ་དང༌། ནག་པོ་ཆེན་པོ་རྣམ་གཉིས་དང༌། ཤངས་ཆོས་རྣམ་པ་ལྔ་ལ་སོགས་ཏེ་ཟབ་རྒྱས་ཀྱི་ཆོས་ཚུལ་དུ་མ་ཞིག་གསན་པར་མཛད་དོ། །གཞན་ཡང་སྔོན་ཚེ་ཐུབ་པའི་དབང་པོའི་དྲུང་ན་ལྷའི་བུ་བཟང་སྐྱོང་ཞེས་སུ་གྱུར་ཅིང༌། སླར་ཡང་བོད་ཀྱི་ཡུལ་འདིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བཞུགས་པའི་དུས་སུ། ལས་ཅན་དག་པའི་འཁོར་ལྔའི་ནང་ཚན་སྣ་ནམ་རྡོ་རྗེ་བདུད་འཇོམས་དང༌། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ལ་སོགས་ཏེ། གསར་རྙིང་གི་མཁས་གྲུབ་དུ་མའི་ཚུལ་སྟོན་པར་མཛད་པ་གཏེར་སྟོན་ཆེན་པོ་རིགས་འཛིན་བདུད་འཇོམས་རྡོ་རྗེ་ཉིད་ལས་རང་བཞིན་རྫོགས་པ་ཆེན་པོ་དགོངས་པ་ཟང་ཐལ་ལ་སོགས་ཏེ་བཀའ་གཏེར་གྱི་ཆོས་དཔག་ཏུ་མེད་པ་གསན། ཁྱད་པར་རྗེ་བླ་མ་དམ་པ་འདིའི་རིགས་ཀྱི་ཅོད་པན་གྱི་མཆོག་ཏུ་གྱུར་པ་ནི། སྔོན་ཁ་བའི་ལྗོངས་འདིར་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པའི་སླད་དུ། སྐད་གཉིས་སྨྲ་བའི་ཚུལ་འཛིན་པ་ལང་འགྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་