[A:༡༣༢]གནས་དང༌། ཨྱོན་ཉིད་ཀྱིས་ལན་ཅིག་མ་ཡིན་པར་ལུང་བསྟན་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པ་སོགས་དག་པའི་རྣམ་རོལ་དུ་མ་ཞིག་བརྒྱུད་པའི་མཐར་བོད་ཀྱི་ཡུལ་འདིར་ཆོས་ཚུལ་ཇི་སྙེད་པའི་སྲོག་ཤིང་དམ་པ། འགྲན་གྱི་ཟླ་ཐམས་ཅད་དང་བྲལ་བ། རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཀུན་གྱི་གཙོ་བོ་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཉིད་ལས་ཟབ་དོན་སྙན་བརྒྱུད་ཇི་སྙེད་པ་དང༌། ས་བཀར་རྙིང་གསུམ་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཞིག་གསན་པ་མདོ་ཙམ་བརྗོད་ན། གསུང་ངག་རིན་པོ་ཆེ་ཚོགས་བཤད་ཚར་གཅིག་དང༌། སློབ་བཤད་ཚར་གཉིས། དེ་དག་གི་སྨིན་བྱེད་དབང༌། བྱིན་རླབས། རྗེས་གནང༌། གླེགས་བམ་སོགས་ལུང་སྐོར་དུ་མ་དང་བཅས་ལམ་འདི་སྐོར་ཡོངས་སུ་རྫོགས་པ་དང༌། གཞན་ཡང་ལམ་སྐོར་ཕྱི་མ་བརྒྱད་ཆ་ལག་དང་བཅས་པ་དང༌། དཔལ་དུས་ཀྱི་འཁོར་ལོ་མཁས་གྲུབ་བུ་དོལ་རྣམ་གཉིས་ཀྱི་བཞེད་པ་སོ་སོར་མ་འདྲེས་པའི་དབང་གོང་མ། གོང་ཆེན་བདག་པོ་ཆེན་པོའི་དབང༌། རྒྱ་བོད་ཀྱི་ཡི་གེ་མང་པོའི་ལུང་དང་བཅས་པ། དཔལ་འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་དབང་འཁྲིད་ཡིག་ལུང་མང་པོ་དང་བཅས་པ། གསང་བ་འདུས་པ་ལུགས་གསུམ་གྱི་སྨིན་གྲོལ་ཟབ་མོ་རྣམས་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ། གཤིན་རྗེ་གཤེད་དམར་ནག་དགྲ་གདོང་རྣམ་གཉིས་སོགས་གཤེད་སྐོར་དུ་མའི་དབང་ལུང་འཁྲིད་སྐོར་ཚང་བ། ཁྱད་པར་དཔལ་རྡོ་རྗེ་འཇིགས་བྱེད་རྭ་སྐྱོ་ཞང་གསུམ་ས་ལུགས་བུ་ལུགས་སོགས་ཀྱི་དབང༌། དེའི་གྲོལ་བྱེད་ཀུན་དང་ཐུན་མོང་དུ་མ་གྱུར་པའི་རྭ་