R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༥༣
[A:༢༥༣]ལ་ལོ་དུས་ཀྱི་མཆོད་སྟེངས་སུ་བསྟན་པ་ནམ་གནས་བར་དུ་སྙིང་པོ་ཀྱེ་རྡོ་རྗེའི་སྒྲུབ་མཆོད་བཙུགས་རང་དོན་དུ་མ་འཁྲིས་པར་བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་ཏུ་སོང༌། དེ་ནས་སྡེ་པ་ཨ་རིན་དྲུང་ཅུང་ཟད་བསྙེལ་བའི་སྐུ་རིམ་ལ་སྲུང་མ་རྣམས་ལ་བསྐང་བཤགས་བརྒྱ་རྩ་དང་ཐུགས་གསོ་སོགས་རྒྱས་པར་སྒྲུབ་པར་ཡོད། སླར་ཡང་ཆོས་ལུང་དུ་ཆོས་ལྡན་གྱི་བྱ་བ་གོང་འཕེལ་བྱས་བསྡད། དེ་ནས་ང་བདུན་པ་ལུག་ལོ་ཟླ་བ་བཅུ་གཅིག་པའི་ཉེར་གཉིས་ལ་བྱང་ནས་ལྷ་སྲས་དྲུང་གདན་སར་ཕེབས་པའི་ལམ་བར་དུ་མཇལ་ཕྲད་ཡོད་ཙམ་བྱས། འདར་ལ་གནམ་གཤེགས་རིན་ཅེན་དཔལ་བཟང་པོའི་གསོལ་འདེབས་ཀྱི་ཚོགས་དབུ་ལ་ཡོངས་བསྔོ་བ་སྨོན་ལམ་ཅི་ཤེས་ཀྱིས་རྒྱས་བཏབ། དེ་ནས་ཆོ་འཕྲུལ་ཆེན་པོའི་ཚེས་བཅོ་ལྔ་ལ་ཚར་ཆེན་བླ་མ་ཉིད་ཨྱོན་བླ་མ་དང་མཇལ་བའི་གནས་ཆ་ལུང་རྡོ་རྗེའི་བྲག་རྫོང་གི་རྗེ་བཙུན་གྲགས་པའི་སྒྲུབ་ཕུག་ནང་དུ་ཟླ་བ་ལྷག་ཙམ་གྱི་བར་ལ་བླ་མ་དྲག་པོའི་མཚམས་བཅད་རྒྱ་ཤིན་ཏུ་དམ་པར་རང་ཞིག་བྱས་པའི་ཞག་ཉི་ཤུ་རྩ་གཅིག་སོང་བའི་ཐོ་རེངས་ཀྱི་དུས་སུ་ཐུན་གྱི་སྐབས་ལ་གཉིད་དུ་སོང་བའི་རྨི་ལམ་ན། ཆ་ལུང་གི་བྲག་སོགས་འདི་ཐམས་ཅད་ཟངས་ཞུན་མ་ལྟར་རམ་པདྨ་རཱ་ག་ལྟར་དམར་དིང་ངེ་བའི་དབུས་ན་རི་སྨུག་པོ་མཆོང་འདྲ་བ་རྩེ་གནམ་ལ་སྙོག་པ་ལྟ་བུ་ཞིག་འདུག །དེའི་རྩེ་ནས་བལྟས་པས་གནམ་ས་ཐམས་ཅད་འཇའ་ཚོན་དུ་ཁྲ་ཤིག་ཤིག་འདུག །རི་དེའི་རྩེ་ན་གུ་རུ་རྡོ་རྗེ་གྲོ་ལོད་ཡིན་ཟེར་བའི་ཁྲོ་བོ་སྨུག་ནག་མི་བཟད་པ་འཇིགས་སུ་རུང་བ་ནི་ནམ་མཁའི་ཁམས་ལ་གཞལ་བ་ཞིག་བྱས་འདུག །རེས་འགའ་ནི་རི་དེ་