[A:༢༥༢]ནས་ཇི་སྐད་བཤད་པ་ལྟར་བཞུགས་སུ་གསོལ། མཐར་རབ་ཏུ་གནས་པ་རྒྱུད་སྡེ་ནས་གསུངས་པ་ལྟར་མཚན་ཉིད་ཚང་པའི་སྒོ་ནས་ཞག་གསུམ་སྦྲེལ་ཞིག་བྱས། སྒྲུབ་པོ་སྦྱིན་བདག་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་འབྱོར་གྱི་རྒྱུན་ཐམས་ཅད་གོང་འཕེལ་དུ་འགྲོ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག་ཐུན་མོང་མ་ཡིན་པའི་ཕྱག་ལེན་གྱིས་བརྒྱན་ནས་བྱས། དེ་སྐབས་རྗེ་བླ་མའི་ཕྱག་བཞེས་མིན་སྙམ་པའི་སྐྱོན་ལ་བརྟག་མཁན་མཁས་པ་མང་པོ་འདུག་ཀྱང༌། ལྟག་ཆུ་ཆད་པའི་རྡོ་བཞིན་དུ་ཐང་ཆད་ནས་གཟིམས། གང་ལྟར་བཀྲ་ཤིས་དགེ་ལེགས་ཀྱི་རོལ་པས་དུས་ཀུན་འཚོ་བ་འདི་ཡིན། དེ་ནས་ང་དྲུག་པ་རྟ་ལོ་ཟླ་བ་ལྔ་པའི་ཉེར་བདུན་ལ་སྐལ་བཟང་གི་སློབ་བུ་བརྒྱད་ཅུ་ཚུན་ལ་ནཱ་རོ་མཁའ་སྤྱོད་འཁྲིད་ཐུན་མོང་མ་ཡིན་པ་ཡོངས་རྫོགས་བྱས་དུས་སྔོན་འགྲོ་རྡོར་སེམས་བསགས་སྦྱངས་ཀྱི་སྐབས་སུ་ཆོས་ལུང་ལ་ཡུད་ཙམ་ཕྱིན་བསམ་གཏན་དཔལ་བ་ཞེས་པའི་རྒྱུ་དངོས་ཕུན་སུམ་ཚོགས་པ་ཞིག་བདོག་པ་དུས་མཐར་སླེབ་འདིར་སྣང་གི་བདོག་པ་ཐམས་ཅད་བདག་ལ་སྤྲད་བྱུང་བ་ཚགས་བྱས་ཁོ་རང་གི་རྗེས་ལ་ཅི་འགྲོ་བྱེད་བསམ་པའི་ཞེ་བཅད་བྱས། སླར་ལོག་ནས་འཁྲིད་ཉིད་རྒྱས་པར་བསྐྱངས། ཕྱི་ནང་གི་མཁའ་འགྲོ་ཐམས་ཅད་ཀྱི་ཉམས་ཆགས་བསྐང་བའི་ཕྱིར་ཚོགས་ཀྱི་འཁོར་ལོ་རྒྱས་པར་བྱས། དེ་ནས་ཆོས་ལུང་ལ་ཕྱིན། ཁོང་ནི་ཕ་རོལ་ཏུ་འཕོས་ཚར་འདུག་པས་ཆོས་ལུང་དང་ཆོས་འཁོར་ལྷུན་པོར་མང་ཇ་སྦྲེལ་མ་དང་ནས་ཁལ་འགྱེད་ཁྲོ་ཟངས་གཡུ་སོགས་རྒྱན་རིགས་གོ་ཁྲབ་སོགས་ཀྱི་སྐམ་འགྱེད་དགེ་རྒྱུན་གྱི་ཞིང༌། མི་དམངས་ལ་དེས་མཚོན་པའི་འགྱེད་ཆས་དང༌། ལྷག་རྣམས་