[A:༢༥༤]ཡང་ལྷ་དེར་འགྲོ། རེས་འགའ་ལྷ་དེ་ཡང་རིར་འགྲོ་བ་སྙམ་བྱེད་པ་ཡང་སྔར་ལྟར་འདུག་པ་རེས་འགའ་ང་རང་རི་འདི་ཡིན་ཟེར་དེ་ཡང་བདག་ལ་ཐིམ་པ་སྙམ་བྱེད་པ་དང༌། ཡང་རི་དེའི་རྩེ་ནས་བལྟས་པས་རིགས་དྲུག་གི་གནས་ཀྱི་དབྱིབས་མང་པོ་འདུག་པ་འགའ་ཞིག་ཉི་ཟླ་ལྟར་གསལ་བའི་མདངས་འདུག །འགའ་ཞིག་ནི་མུན་ཁྲོད་ཀྱི་གསེབ་ན་མར་མེ་ལྟ་བུའི་འོད་ཕྲན་བུ་དང༌། འགའ་ཞིག་ནི་ན་བུན་གྱི་གསེབ་ན་བུན་ལོང་ལོང་བྱེད་པ་དང༌། འགའ་ཞིག་ནི་ཕྱོགས་བཅུར་ཤིག་ཤིག་འགྲོ་བ་ཞིག་འདུག་པ་དང༌། ལྷ་དེ་དང་རི་དེ་ལ་ཁ་དོག་སྣ་ཚོགས་ཀྱི་འཇའ་བུན་བུན་འཕྲོ་བ་ཞིག་འདུག་པས། ཨེ་མ་སངས་རྒྱས་ཀུན་འདུས་ཨྱོན་བླ་མའི་ཐུགས་རྗེ་སེམས་ཅན་གྱི་དོན་ལ་རྒྱུན་ཆད་མེད་པར་གཟིགས་པར་འདུག །བདག་ཀྱང་ཨྱོན་བླ་མའི་རྗེས་འཇུག་འཁོར་བ་སྤོང་འདོད་ཡིན་པས་བདག་དང་བདག་ལ་ལྟོས་པའི་མཐོང་ཐོས་དྲན་རེག་ཐམས་ཅད་ཟངས་མདོག་དཔལ་རིར་ཚེ་གཅིག་ལ་ཨྱོན་ཉིད་ཀྱི་ཞལ་མཐོང་གསུང་ཐོས་པར་སྐྱེ་བར་ཤོག་སྙམ་པའི་སྨོན་ལམ་རྒྱས་པར་བཏབ། ཡུས་ཀྱི་བརྣངས་པ་ལྟ་བུ་བྱས་གཉིད་སད་བྱུང་བས་བར་ཆད་དམ་དངོས་གྲུབ་གང་ཡིན་ཀྱང་དགོད་བྲོ་འཁྲུལ་པ་རྒྱ་འབྱམས་པའི་རྨི་ལམ་ལ་གང་ཡང་འཆར་གྱིན་གདའོ། །གང་ལྟར་བླ་མ་ཡི་དམ་འདི་ཉིད་ལ་ཟླ་བ་ཙམ་གྱི་བསྙེན་པ་དང་ཞག་བདུན་སོགས་བཅད་པའི་བསྙེན་པ་དང༌། ལོ་ཙམ་གྱི་བསྙེན་པ་དང་དེས་མཚོན་པའི་དགེ་སྦྱོར་ཐུན་བཞི་འདི་ད་ལྟ་ཡན་ལ་མ་ཆག་པ་བྱས་འདིའི་གསང་སྔགས་བྱེ་བ་གཅིག་དང་འབུམ་ཕྲག་ཕྱོགས་ཀྱིས་བསྒྱུར་བ་ཙམ་སོང་ཡང་བཟའ་བཏུང་འདི་ཉིད་རོ་ཟས་ཁོ་ན་ལ་ལོངས་སྤྱོད་བྱས་