[A:༢༥༥]པས་གཡང་ས་ཆེན་པོ་གདའོ། །དེ་ནས་དོན་དུ་གཉེར་བ་ཁ་ཅིག་ལ་རྡོ་རྗེ་ནག་པོ་ཆེན་པོའི་གསང་འཁྲིད་ཐུན་མོང་མ་ཡིན་པ་སྨིན་རྒྱས་སུ་བྱས། དེའི་འཁྲིད་ཀྱི་རྒྱབ་རྟེན་མཁའ་འགྲོ་ལྷ་དགུའི་རྗེས་གནང་བྱས་དུས། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པས་ཡེ་ཤེས་དབབ་པའི་ཚེ་སློབ་མ་རྣམས་གཡོ་འགུལ་མེད་པ་དང༌། གང་དེའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་འཕྲོ་བ་དང༌། དེ་རྣམས་འཇའ་ཚོན་མེ་ལོང་གི་གཟུགས་ལྟར་རྒྱུན་རིང་ཡོད་པའི་ཟིལ་བྱུང༌། གང་ལྟར་དེ་གྲོལ་ནས་རྡོ་རྗེ་ཕག་མོའི་རྣམ་སྤྲུལ་ཡིན་ཞུ་བའི་ཆ་ལུང་སྒྲུབ་ཆེན་མ་དང་མཇལ། ནེ་གུ་དང་ཕྱག་ཆེན་སོགས་ཀྱི་གླེང་མོ་རྒྱས་པོ་བྱུང༌། འདར་ནས་མི་དབང་སྐུ་མཆེད་ཀྱང་ཁོར་པ་བྱོན་བྱུང་བས་ལུགས་གཉིས་ཀྱི་དཔལ་འབྱོར་རྒྱས་པར་སྤེལ། རྩེར་ཡོང་དགོས་ཀྱི་བཀའ་དང་བསྟུན་ཚེ་དབང་སོགས་ཀྱི་ཐུགས་བཞེད་བསྒྲུབས། ཤར་ལམ་དོན་གྲུབ་གླིང་དུ་ཕྱིན་དཔོན་ས་སྲས་མོ་དེ་ཉིད་ཅུང་ཟད་བསྙེལ་གྱིན་འདུག་པས་ཚེ་དབང་རྗེས་གནང་སོགས་གང་ཤེས་ཐུགས་བཞེད་བསྒྲུབས་ཀྱང་དད་པ་ནམ་མཁའི་མཐའ་ལས་རིང་བ་ཞིག་འདུག་པས་ཕན་ཐོགས་ཡོང་བ་ནི་དཀའ་སྙམ་པ་བྱུང་བས་དེ་ག་ཐོག་ཏུ་བབས་སོང༌། གང་ལྟར་གཞིས་ལེན་སོགས་བཟབས་མ་གནང༌། དེ་ནས་རིམ་པས་ཆོས་ལུང་དུ་སླེབ། ཟླ་སྐོར་ཙམ་བསྡད་སླར་འདར་སྟོད་ཕོ་བྲང་དུ་ཡོངས། ཟླ་བ་བཞི་ཙམ་གྱི་བར་ལ་མི་དབང་སྐུ་མཆེད་ཀྱིས་གཙོས་པའི་སྐལ་པ་བཟང་པོ་མང་དག་ལ། རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་དབང་ལུང༌། མགོན་པོའི་ཕྱི་ནང་གསང་གསུམ་གྱི་འཁྲིད། རྗེས་གནང་ལུང་དམར་པོ་