[A:༢༥༦]སྐོར་གསུམ་གྱི་རྗེས་གནང་ལུང་སོགས་ཐུགས་བཞེད་གང་ནུས་བསྒྲུབས། སྙན་བརྒྱུད་ཀྱི་བདག་པོར་མངའ་གསོལ་ཆོས་དང་འཇིག་རྟེན་གྱི་འདོད་རྒུ་གྱ་ནོམ་པ་བྱུང་བ་ལགས་སོ། །སྔར་ཆོས་ལུང་དུ་གསུང་ངག་རིན་པོ་ཆེ་ཞིག་འཆད་སྙམ་དམ་ཚིག་གསོ་བ་སོགས་བསྙེན་པ་ཟླ་བ་ཙམ་བྱས། དེ་ནང་དུ་རྨི་ལམ་ན་རྗེ་བླ་མ་ཚར་ཆེན་ཉིད་སྔོན་དུ་གསུང་ངག་རིན་པོ་ཆེ་གནང་བའི་དུས་སུ་ལམ་ཟབ་གནང་བའི་སྐབས་ཀྱི་སྐུ་གཟི་བརྗིད་དང་ཞལ་འཛུམ་པ་དང་ན་བཟའ་སོགས་ཇི་ལྟ་བ་མཛད་ནས། ཁྱོད་ཀྱིས་བསྟན་པ་རིན་པོ་ཆེའི་བྱ་བ་ལྷུར་བླངས་ནས་སྙན་བརྒྱུད་ཐུན་མོང་མ་ཡིན་པ་བསྟན་པ་ཡོངས་རྫོགས་ཀྱི་ཟབ་ཆོས་འདི་ཉིད་རྒྱུད་སྡེ་ནས་གསུངས་པའི་གནས་སུ་འཆད་པར་གྱིས་ཤིག་གསུང་བྱུང་བ་དང་གཉིད་སད་བྱུང་བས། དེ་ལྟ་བུའི་བླ་མ་དང་མཇལ་གསུང་གི་བདུད་རྩི་ཟབ་མོ་ཐོས་པའི་དུས་ཀྱང་བྱས་སྙམ་མཆི་མ་མང་དུ་ཤོར། ཚེ་རབས་ཀུན་ཏུ་གདུལ་བྱའི་ཞིང་ཁམས་སུ་སྐྱེ་བ་དང་སྐྱེ་བ་དེ་ནས་ཀྱང་རྗེས་སུ་འཛིན་པ་ཞིག་སྙམ་པའི་གསོལ་བ་ཕུར་བཙུགས་སུ་བཏབ། རྒྱུད་སྡེ་ནས་གསུངས་པའི་གནས་ནི། ཆོས་ལྡན་གྱི་རྒྱལ་པོས་བདེ་བར་ས་སྐྱོང་བ་ཕྱི་ནང་གི་འཚེ་བ་དང་བྲལ་བའི་གནས་སུ་བསམ་གཏན་གྱི་བྱ་བ་རྩོམས་གསུང་འདུག་པས། གནས་དེ་ལྟ་བུ་གཞན་མ་ནི་གང་ནའང་མེད་འདུག །ཕུན་སུམ་ཚོགས་པའི་གནས་དེ་ཀུན་ལུགས་གཉིས་ཀྱི་ཁྲིམས་ཀྱི་ཁ་ལོ་བ་ངེད་རང་ཁའུ་བྲག་རྫོང་པའི་བསྟན་པ་བསྟན་འཛིན་དང་བཅས་པའི་སྦྱིན་བདག་ཆོས་རྒྱལ་ཕོ་བྲང་འདར་རྣམ་པར་རྒྱལ་བའི་རྩེ་མོར་ཚང་བ་ནས་དེར་འཆད་སྙམ་པའི་ཞེ་བཅད་བྱས། གདོང་དགའ་ཆོས་སྡེར་རྗེ་བཙུན་ཀུན་དགའ་མཆོག་ལྡན་