[A:༢༥༧]ཞབས་དྲུང་དུ་ལམ་དབང་སོགས་ཀྱི་འདོད་ཆོས་ཕྲན་བུ་ཞུས། རྩེ་ནས་གཞིས་ལེན་ཕྲན་བུ་བྱུང༌། རྒྱུས་མེད་ཀྱི་ཆོས་སྐད་ཆལ་ཆོལ་གྱི་དྲི་བ་འདྲ་མཛད་ཀྱིན་འདུག །དེ་ནས་གཞུང་པ་སྨད་ཚོའི་ཡུལ་པར་སྤྱི་དབང་དང་ཁ་འབར་མའི་བཟློག་པས་རིམ་གྲོ་བསྒྲུབས། དེ་ནས་གསུང་ངག་གི་ཆ་རྐྱེན་གང་ཡོད་ཁྱེར་ནས་ཡོངས། རང་ལོ་ང་བརྒྱད་པ་སྤྲེལ་ལོ་ཟླ་བ་དང་པོའི་ཚེས་ལྔ་ལ་གསུང་ངག་བཙུགས་པའི་ཚོགས་ཀྱི་འཁོར་ལོ་རྒྱས་པ་ངེད་རང་གིས་བསྒྲུབས། རྒྱལ་པོ་གཉིས་ཀྱིས་དབུ་མཛད་འབངས་བརྒྱད་ཅུ་ཙམ་གྱི་སྐལ་པ་ཅན་རྣམས་ཟླ་བ་དྲུག་གི་བར་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་གསུང་ལས་ཇི་ལྟར་ཐོས་པ་སྦ་བསྲི་མེད་པར་སྨིན་རྒྱས་སུ་བསྐྱངས། བརྡ་སྟོན་གསལ་བ་སོགས་ཀྱི་ཟུར་བཀའ་ཐོར་བུ་བྱས། དེ་སྐབས་ཟླ་བ་གསུམ་ཙམ་སོང་བའི་བསྐྱེད་རིམ་གྱི་མངལ་འབྱིན་པའི་དམིགས་པ་གལ་གནད་ཤིན་ཏུ་ཆེ་བ་ཞིག་གི་དུས་སུ། ཐེ་ཚོམ་ཅུང་ཟད་ཡོད་པ་ཞིག་བྱུང་བ་དེ་དེ་ནུབ་ཐོ་རངས་ཁའི་དུས་སུ་རྨི་ལམ་ན། ཞབས་དྲུང་རྗེའི་ཞུ་སྣ་མཛད་རྗེ་བཙུན་ཚར་ཆེན་དང་སྔོན་གྱི་གཞི་བསྙེན་སྐབས་སུ་ཕེབས་པའི་བླ་མ་ཡབ་སྲས་རྣམས་ཞལ་འཛུམ་ལྟ་བར་མི་བཟོད་པ་ལྟ་བུའི་དགྱེས་པའི་རྣམ་འགྱུར་ཇི་སྙེད་གནང༌། དེ་ནས་སྔོན་གྱི་བླ་མ་ཉིད་ཀྱིས་སྐད་ཅིག་ལ་སྤྱན་ནམ་མཁར་ཁྲིར་གཟིགས་པ་དང་དཔའ་བོ་དང་མཁའ་འགྲོ་ཡིན་ཞུ་བས་ཆར་སྤྲིན་ལྷགས་པ་ལྟར་འཇའ་ཚོན་ཁྲ་ལམ་མེ་བ་ཞིག་བྱས་སོང༌། དེ་ནས་བདག་གི་དོགས་པ་ཕྲན་བུ་འདི་སེལ་བ་ཞིག་ཞུ་སྙམ་པས། ཨེ་མ་ལེགས་པའི་ལམ་ལ་ལེགས་སོ་ཞེས། །དེ་ག་ཡིན་པས་བཀའ་སྩལ་མི་དགོས་ཏེ། །ལོགས་སུ་ཡོད་པའི་