[A:༢༥༨]འབྲས་བུ་ཏིལ་ཙམ་མེད། །བློ་གྲོས་ལྡན་པ་ཁྱོད་ལ་ཅི་ཞིག་དགོས། །གསུང་བ་ཞིག་གཉིད་ཁོང་དུ་ཟིན་དེ་ནས་མེ་ལོང་ལ་ཧས་བཏབ་པ་ལྟར་ཡལ་བ་དང་གཉིད་སད། ཨེ་མ་ངས་འདི་ལྟ་བུའི་ལམ་ཚང་ལ་མ་ནོར་བ་ཐོས་ནས་ལན་སྤྲད་པ་ལྟ་བུ་ལའང་ཐུགས་དགེས་དགེས་གནང་བ་ནི་བསྟན་པ་ཉམས་དམའ་བར་འདུག་སྙམ་པའི་བློ་ལ་འཁུ་འཕྲིག་ཆེན་པོ་དང་དད་པའི་དཔལ་འབར་བའི་དགའ་སྤྲོ་དང་སྙིང་ཆུ་མིག་སྔར་འབབ་པ་ལྷན་ཅིག་བྱུང༌། བསམས་ཙ་ན་ང་རང་སྐལ་བ་བཟང་སྙམ་པའི་བློ་བདེ་ཕུགས་སུ་ཚུད་ལྟོས་བཅས་ཀུན་ཀྱང་ལུགས་གཉིས་བྱ་བ་ཕྲ་རགས་གང་ལའང་བགེགས་ཀྱི་མཚན་མ་མི་འབྱུང་བ་ཞིག་ལགས། རྫོགས་རིམ་གྱི་སྐབས་ལྷ་ས་ནས་ཡོངས་པའི་བཙུན་པ་ཞིག་ལ་སྟོད་དུ་ཧགས་པའི་རྣམ་པ་ཡོད་ཙམ་བྱུང་བ་ལ་གེགས་སེལ་གྱི་རྣམ་པ་མང་དག་ཡོད་མོད། གསུང་ངག་བརྒྱུད་པའི་བླ་མའི་མཚན་ནས་ཐོས་ཏེ་རྐང་པ་མགོ་བོ་ལ་བསྣུན་པས་འཕྲལ་དུ་དྭངས་པ་ཞིག་བྱུང༌། གེགས་མེད་དུ་མཐར་ཕྱིན་ཏེ་ཚོགས་གཏོར་དང་ལོངས་སྤྱོད་ཀྱི་འདོད་རྒུ་ནི་ལྷའི་དཔལ་འབྱོར་ལ་འགྲན་བདོ་བ་ཙམ་བྱུང༌། གང་ལྟར་སྡེ་འཁྲུག་མི་བཟད་པ་ཞིག་བྱུང་བ་ནས་ཆོས་ལུང་ལ་ཕྱིན། སེར་མ་ནས་དོན་གྲུབ་རྡོ་རྗེ་སྡེ་སྲིད་བཀྲ་ཤིས་སྟོབས་རྒྱས་དྲུང་སྤྱན་དྲངས། ཐོག་མ་ནི་བྱུས་འགྲོ་བླ་ན་མེད་ཀྱི་གྲབས་འདུག་པས་དཔོན་གཡོག་གདོང་དགའ་བ་ལ་བཀའ་སྐྱོན་གྱི་རྣམ་པར་ཕེབས་དུས། ཕྱག་འབུལ་ལ་ཕྱིན་དགེས་དགེས་ཀྱི་ཞལ་ཏ་ཁ་རེ་ཕེབས། བདག་རྐྱེན་བླ་མེད་གནང༌། རྟིང་མ་ཁོང་ཚོའི་བྱུས་ནི་ནམ་མཁའི་གློག་ལྟར་ཡལ། ལྷ་ས་གཞུང་པ་སོགས་གོ་ནང་ལ་གཏད། ཆོས་ལུང་དེ་