[A:༢༦༡]བརྩེ་སྐྱོང་དགེས་དགེས་ཅི་ཡང་གནང༌། སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ལེགས་ཚོགས་མང་དག་བསྒྲིག་པ་གནང་འདུག་པས་སེམས་ལ་དགའ་སྤྲོ་ཉི་མ་ཤར་བ་ལྟ་བུའི་གསལ་ཆ་ཐོབ་པ་ཞིག་བྱུང༌། དེ་ནས་རང་ལོ་ང་དགུ་པ་བྱ་ལ་རི་ཁྲོད་ཀུན་གྱི་མཐར་ཐུག་ཕོ་བྲང་ཉིད་དང་ཁད་ཉེ་བའི་ས། དགོན་པ་སྤེའུ་ཞེས་བསམ་གཏན་གྱི་ཉམས་རྟོགས་གོང་འཕེལ་དུ་འགྲོ་བ་ཞིག་བདོག་པ་དེར་གསུང་ངག་རིན་པོ་ཆེའི་ལམ་ཕྱི་མ་རྣམས་ཀྱི་འཁྲིད་ཟླ་བ་ལྷག་ཙམ་གྱི་བར་ལ་སྣོད་ལྡན་གྱི་སློབ་བུ་ཁ་ཡར་ལ་སྨིན་རྒྱས་སུ་བསྐྱངས། ཚེ་འདིའི་མདུན་འཇུག་སོགས་ཀྱི་གཡེང་བ་མེད་པས་ཅི་བྱས་ཆོས་སུ་འགྲོ་བ་ཞིག་ཡོད་པས་སྐྱིད་པའི་མཐར་ཐུག་བྱུང་ལགས་སོ། །དེ་ནས་རྩེར་བསྡད་ཕོ་བྲང་གི་ལྟག་ཏུ་མཆོད་རྟེན་ཁང་བུ་བརྩེགས་པ་ཞིག་བརྩིག་པ་གནང༌། དེའི་རྨང་གི་འོག་ཏུ་ཡུལ་ཕྱོགས་འདི་ཉིད་ཀྱི་བདེ་སྐྱིད་དཔལ་འབྱོར་ལ་གླགས་ལྟ་བ་ཐམས་ཅད་ཇི་ལྟ་བུའི་གཟུགས་འགྲོས་ལ་བསྟིམ་པའི་སྒྲུབ་པ་དང་མནན་པ་སོགས་ཡིད་ཆེས་པ་ཞིག་བྱས་པས་དེ་དང་དེ་འདྲའི་རྟགས་ངོ་མཚར་བ་དུ་མ་ཡོད་ཀྱང་སྤྲོ་བའི་འོས་མིན་པས་གསལ་བར་མ་མངོན་ནོ། །དེའི་སྟོན་ཁ་ལྷ་རྩེར་ཁོར་ཙམ་ཕྱིན་དེ་ནས་དགུན་ཆོས་སྟེང་དུ་གདོང་དགའ་བ་དང་བཟློས་པའི་རྩོད་པར་ཕྱིན། ཐོག་མ་ནི་ནོར་དང་མཁས་ཕྱུག་ཁོ་ནའི་དབང་དུ་སོང་ནས་རྒྱལ་པོའི་ཁྲིམས་ཉིད་ཀྱང་གཞོང་བའི་ནང་དུ་ཆུ་ཁུར་བ་ལྟར་བྱེད་པ་ཞིག་འདུག །སླར་བདག་བཙུན་པའི་ཁུངས་སུ་སོང་བས་དོན་མེད་ཀྱི་བྱ་བ་སྒྲུབ་པ་ཁོ་ནར་འདུག་ཀྱང༌། རྫུན་གྱི་འགྲོ་སར་དང་སྦུབས་ཀྱི་འཁྱོགས་འགྲོས་གནང་ན་མི་རུང༌། བདེན་