[A:༢༦༢]རྫུན་འབྱེད་པ་རྒྱལ་པོའི་ཁྲིམས་ས་ཡིན་པས་སྲོག་ལ་ལྟོས་པ་མེད་བདེན་ན་དང་མ་བདེན་ན་བྱས་དམོད་དམོད་ཡང་ཅུང་ཟད་བཙུགས་པས་ཁོང་རྣམས་གོ་གནད་ལ་གཏད་འདུག །ནམ་མཁའི་མཐའ་ལ་བསྐྲད་སྙམ་པ་བྱུང༌། ཡང་ངེད་རང་གི་ལྷ་མོ་འདི་ཉིད་མ་མཉེས་པའི་རྟགས་དུ་མ་ཞིག་འདུག་པ་དང༌། ཁོང་རྣམས་ཀྱི་ཕོ་ལྷར་མཆེས་ནས་ཁམས་ཀྱང་བདེ་རྒྱུ་མེད་པའི་བསྲེབ་སེ་བ་ཞིག་བྱུང་བས། ལག་ན་ཅི་ཡོད་ཐམས་ཅད་ཆོས་སྡེ་ཉིད་དུ་སྤུངས། ཁྲིམས་དེའང་དེ་ཚུལ་དུ་གོ་བས་སུ་ལའང་ལྟོས་པ་མེད་པར་ལོག་ཡོངས་བས་ཁམས་ཀྱང་བདེ་མུས་སུ་དྭངས། དེ་ནས་རྫོང་ཉིད་དུ་ཅི་བདེར་བསྡད་པའི་སྐབས་སུ་བསམ་གྲུབ་དགོན་གསར་བྱེད་དགོས་གསུང་པའི་བཀའ་དང་ཁོ་རང་ཚོའི་སྐྱ་སེར་རྒན་པ་འདྲ་དང་བཅས་ནན་ཆགས་བྱུང་ཀྱང་ནན་གྲོལ་ཞུས། དེ་སྔ་ཡང་ཞབས་དྲུང་མཁན་དྲུང་དུ་ཞུ་བྱ་ཕུལ་འདུག་པ་སླར་ཡང་དེ་ཀ་ནན་ཕུལ་མཛོད། བདག་ལྟ་བུའི་ཁྱེར་ནུས་ཀྱིས་དགོན་པ་འཛིན་སྐྱོང་བྱེད་པའི་བློ་གྲོས་ཅན་ཞིག་ཡེ་མན་ཞུས་པས་མ་བཟློག་པར་ཁས་བླངས། ཆོས་ལུང་ལ་ཁོར་པ་ཙམ་ཞིག་ཕྱིན། སླར་རྩེར་ཁམས་པ་འདྲ་དང་ཞག་ངོ་འབངས་དུ་མ་ལ་ཆོས་འདོད་ཀྱི་རེ་བ་ཐམས་ཅད་མཐར་ཕྱིན་པར་བསྐང་བ་དང༌། ཞལ་ངོ་རྣམས་ལ་དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་འཆི་མེད་ཚེའི་རྫོང་ཆུང་གི་ཚེ་དབང་ཕུལ་བས་དངོས་གཞིར་སླེབ་ཙམ་ན་ཚེ་ཆང་དེ་ཆིལ་ལེ་ལུད་བྱུང་བས་སྡེ་པ་ཆེ་ས་ནས་ཀྱིས་ལུད་པ་ཚད་མ་བཞེས་སོང་བས་སྐུ་ཚེའི་བར་ཆད་ཞི་ཞིང་གོང་འཕེལ་དུ་བྱུང་བ་ཡིན་ནོ། །དེ་ནས་དྲུག་ཅུ་པ་ཁྱི་ལོ་ཟླ་བ་ལྔ་པའི་ཚེས་ལྔ་ལ་དགོན་གསར་བདེ་བ་ཅན་ཞེས་