R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༦༢
[A:༡༦༢]སྤྱོད་པས་དུས་འདའ་ཞིང་སྐྱེ་བོ་ཐམས་ཅད་ཟིལ་གྱིས་གནོན་ནུས་པ་ལ་སོགས་པའི་དཔའ་སྒམ་ཅན་ཞིག་ཡིན་ལ། སྐུ་མཆེད་གསུམ་བྱོན་པའི་ཆེ་བ་ཡིན་པས་རབ་ཏུ་བྱུང༌། ཐུགས་སྦྱོང་སོགས་ལ་གསེར་མདོག་ཅན་དུ་ཕེབས། ཆོས་རྗེ་བདུད་འདུལ་བ་དང༌། ལྷ་དབང་པ་གཉིས་ཀྱི་སྒྲུབ་ཚུལ་ཁོ་ན་ལ་དགོན་པ་གོང་འོག་ཏུ་བཞུགས་པ་གནང༌། ཡི་དམ་ཆོས་སྐྱོང་སོགས་ཀྱི་བསྙེན་སྒྲུབ་མཚན་མ་མ་ཐོབ་བར་དུ་གནང་ཞིང༌། འཕྲིན་ལས་བསྐང་བཤགས་བསྐུལ་སོགས་མཛད་པ་ན་མར་མེ་དང་ཤ་ཆེན་གྱི་སྤོས་དུད་དང་བཤུག་པའི་བརྒྱངས་གླུ་སོགས་གཞན་རྐྱེན་ལ་མ་བལྟོས་པར་མངོན་སུམ་དུ་མཐོང་བ་སོགས་བརྗོད་དུ་མི་ལྡང་བ་བྱུང་འདུག །སྐུ་བགྲེས་པ་གསེར་མདོག་ཅན་དུ་དགུང་ལོ་བཅུ་གསུམ་པ་ལ་ཕེབས། སྡེ་སྣོད་གསུམ་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་སྐྱེས་ཐོབ་དེ་ཉིད་ལ་སྟོན་གྲགས་ཆེ་བའི་ཚད་ཐུབ་པ་ཞིག་བྱུང༌། ཤངས་ཀྱི་གཡང་ལུང་པ་ཚང་མ་ལ་སེར་བསྲུངས་ཀྱི་ཞལ་བཀོད་གནང་བཞིན་པར་འདུག་པས། འབྲུ་པ་རང་གི་ཞལ་ངོ་ཕེབས་ཕྱིན་སྲུང་ཡུལ་དེ་ལ་ལོ་དགྲ་དྲུག་གི་གནོད་པ་ཡོང་མ་མྱོང་འདུག་ཅིང༌། སྐབས་ཤིག་སྐུ་མཆེད་ཚོ་སྐུ་ཕྲས་པ་ནས། ཨ་ནེ་ཡིན་པའི་བཙུན་མ་ཞིག་གིས་མཛད། དེ་མ་བཞུགས་པ་དང་གསེར་མདོག་ཅན་ནས་ཐུགས་སྦྱོང་མཛད་བཞིན་པར་དགུང་ལོ་ཉི་ཤུ་རྩ་བཞི་པ་ལ་གཡང་དུ་སེར་བསྲུང་ལ་ཕེབས། ཕྱི་རོལ་གྱི་ལྷ་སྲིན་སོགས་དྲེགས་བྱེད་ཐམས་ཅད་ཟིལ་གྱིས་གནོན་ནུས་པ་ཞིག་བྱུང་འདུག་པས་སྡིགས་མཛུབ་གཏད་པའམ། དམིགས་རིམ་བཏང་བའམ། ཕུས་བཏབ་པ་ཙམ་གྱིས་བསྲུང་ཁོངས་ལ་ཡོང་བ་ལྟ་ཅི། དེ་སྐོར་གྱི་ཡུལ་ཕྱོགས་