R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༦༣
[A:༢༦༣]གྲུབ་མཆོག་ཐང་སྟོང་རྒྱལ་པོའི་ཞལ་སློབ་རྗེ་བཙུན་བློ་གྲོས་རྒྱལ་མཚན་གྱི་ཞབས་ཁྲི་ལ་བཀོད། མི་དབང་སྐུ་མཆེད་གཉིས་ཀྱང་ཕེབས། བཀོད་ཇ་དང་གནང་སྦྱིན་སོགས་ཀྱི་ལེགས་ཚོགས་མང་དག་གནང༌། གཞན་ཡང་གྲང་ཆེན་སྤྱི་ས་ནས་བཟུང་མཆོད་ཡོན་གྱི་ཁུལ་ནས་རྟེན་འབྲེལ་གྱི་ལེགས་ལམ་མཛད་མཁན་ཇི་སྙེད་པ་དང༌། ཇ་བཟང་གི་བཏུང་བ་དབྱར་མཚོ་ལྟར་ཆལ་ཆིལ་དུ་གནས་པ་ལ་ལོངས་སྤྱོད་ཅིང་ཞག་ལྔ་བསྡད། སྐྱ་སེར་གྱི་ཁྲོད་ནས་དེ་སྔ་ཡན་སྟོན་སེར་གྱི་དུས་རྒན་གཞོན་དར་བབས་ཀྱི་ཚེ་འདིར་གནས་གཞིས་འཛིན་པ་ལ་གཅེས་འཛིན་གྱི་མི་འདྲ་དང༌། ཆོས་པའི་ཁུངས་ནས་ཀྱང་དེ་མཚུངས་གླང་འཐབས་སམ་ཕོ་གཟེར་གྱིས་རྐྱེན་བྱས་ཏེ། འཕྲལ་དུ་འཆི་བདག་གྲོང་དུ་རིངས་པར་འགྲོ་བ་ཞིག་འདུག་པས་དེ་ལ་ཕན་པ་དག་ཀྱང་སྲིད་སྙམ་པ་དང༌། ལྷག་པར་ཕྱི་ནང་གི་མཆོད་ཡོན་གྱི་ལེགས་ཚོགས་གོང་འཕེལ་དུ་རྒྱས་པའི་ཕྱིར། མི་དམངས་ལ་ཚེ་རྟ་བཅས་པའི་དབང་རྒྱས་པ་བྱས། དེ་ཕྱིན་ནས་བཟུང་ད་ལྟའི་བར་དུ་གོང་སྨོས་པའི་འཕྲལ་རྐྱེན་དེའི་རྒྱུན་ཆད་ནས་མ་བྱུང་བས་དགོད་བྲོ་སྙམ་པ་བྱུང༌། དེས་མཚོན་ཡུལ་ཕྱོགས་དེར་ཕན་པ་རྒྱ་ཆེར་བྱུང་བ་མང་དག་ཡོད་མོད། ཐམས་ཅད་བྲིས་ན་མང་བས་འཇིགས་ནས་མ་སྤྲོས། ཆོས་སྡེ་ཉིད་ན་རྗེ་ཤེས་རབ་བཀྲ་ཤིས་པའི་ལོ་དུས་ཀྱི་མཆོད་པའི་རྒྱུན་དཔལ་དུས་ཀྱི་འཁོར་ལོའི་མཆོད་པ་ཡང་དག་མཛད་པ་དང་ཐུག་པས་མང་ཇ་སོགས་ཀྱི་བསྙེན་བཀུར་ཕྲན་པ་བྱས། སླར་རྩེར་བསྡད་ནས་ཁམས་པ་ཁ་རེ་དང་ཆོས་འདོད་ཀྱི་དོན་གཉེར་མང་པོ་ལ་ཉིན་མཚན་དལ་མེད་བྱས་རེ་བ་བསྐང༌། སྡེ་པའི་སྐུ་རིམ་དང་