[A:༢༦༤]སེམས་ཅན་གྱི་དོན་རབ་འབྱམས་ཅི་ནུས་བྱས། རི་ཁྲོད་ཉིད་དང་དགོན་གསར་ཆོས་ལུང་སོགས་སུ་ལོ་གཉིས་ཙམ་བསྡད། མདོར་ན་ཆོས་ལྡན་གྱི་བྱ་བ་གང་ཡོད་མ་གཏོགས་འཇིག་རྟེན་གྱི་རེ་བ་མེད་པས་སྐྱིད་པའི་རང་ངོ་ཤེས་པ་ཞིག་བྱུང༌། དེ་ནས་གླང་ལོ་རེ་གསུམ་པ་ལ་རྒྱལ་བ་གཉིས་པ་རྗེ་བཙུན་རྡོ་རྗེ་འཆང་བཀའ་དྲིན་མཉམ་མེད་མཁྱེན་བརྩེའི་དྲུང་གི་སྐུའི་དཔོན་དང་ཆོས་ཀྱི་བུར་གྱུར་པའི་དབོན་རིན་པོ་ཆེ་ཕེབས། ཆོས་འདི་འདྲ་དགོས་གསུང་པ་རྒྱ་མོན་གྱི་གནས་ཚུལ་ཡིན་པས་འབུལ་ནུས་པའི་ན་མ་མེད་ཞུས་པས་མ་གསན། འོན་ཀྱང་རྗེ་བཙུན་ཉིད་ཀྱི་གཟིགས་པ་ལ་ཁྲེལ་བ་བྱུང་ན་མི་རུང་སྙམ་ལེན་སྤྲོད་པ་ལ་དང་ལེན་བྱས། ཟླ་བ་གསུམ་པ་ལ་དབོན་ཉིད་དགོན་གསར་དུ་བཞུགས། བདག་གིས་མཚོ་སྒོ་རྣམ་རྒྱལ་གླིང་ལ་ཕྱིན། སྡེ་པར་ཐུགས་བཞེད་ཡོད་པའི་དབང་རྗེས་གནང་སོགས་ཅི་གྲུབ་བྱས། སྐུ་རིམ་ལ་གཤིན་རྗེ་གཤེད་ཀྱི་ལས་ཚོགས་བཞི་ཡོད་པའི་ནང་ནས་གཏོར་མའི་ལས་ཚོགས་དྲུག་ཅུ་རྩ་བཞིའི་གཏོར་བཟློག་ཅིག་བྱས་སྐབས། ཕྱག་ལེན་རྣམས་ལ་ངོར་པའི་དཀྱུས་མ་རྣམས་དང་ཅུང་མི་འདྲ་བ་སྙན་བརྒྱུད་ཞལ་ཤེས་ཀྱིས་བརྒྱན་ནས་བྱས་པས་སྐྱོན་འཛིན་འདོད་པའི་རང་མཐོང་ཅན་མང་པོ་གདའ་སྟེ་ཁོང་བརྒྱུད་ཆད་པའི་པི་ཝང་ལྟར་གྱུར་ཏོ། །དེ་ནས་མགྱོགས་བསྐོར་བྱས་དགོན་གསར་དུ་སླེབ། ཚུར་ལམ་མཚོ་བར་བརྒྱུད་ནས་འོངས་པས་མ་རུང་རྐྱེན་ངན་དུ་མས་གར་བྱེད་པའི་གངས་དབར་གླང་གླིང་གི་སྟོངས་ལ་སྲུང་མའི་དབང་པོ་གུར་མགོན་ཉིད་ཀྱི་སྤྲུལ་པའི་ཕོ་ཉ་རུ་འདྲེན་དང་བཅས་པས་མངོན་སུམ་ལྟ་བུར་བསུ་བ་བྱུང་ཞིང༌། གསོལ་ཇ་པ་གཡུ་རྒྱལ་སོགས་