R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༦༦
[A:༢༦༦]སྤྱུགས་པ་དགའའམ་ཞུས་པས། མི་སེར་རྒན་པ་འདྲས་ཕུགས་བྱས་ནས་སྤྱུགས་སོང་བས་རྟིང་མ་བྱ་ཐབས་མེད་པ་ལ་ཡ་ང་བ་ཞིག་བྱུང་སོང༌། མཚོ་སྒོ་ནས་རྣམ་དཔྱོད་ཀྱི་བུམ་པ་མཁའ་ལ་འགྲན་པ་སྦྱིན་བདག་ཅིག་ལ་དྲིན་ཆེ་བ་དཔོན་ས་ཁྱེའུ་འདྲེན་བྱས། འབྲུམ་བུ་འདི་ལ་ཕོས་ན་དགའའམ་མ་འཛེམས་པར་སྔོས་བསྡད་ན་དགའ། བརྟག་པ་བྱས་པའི་གསལ་དགོས་ཕེབས་པས། ལར་ཡང་ཐོག་མར་བྱུང་བ་འདི་དགའ་བ་དང༌། ཆེད་དོན་བརྟག་པའི་འབྲས་བུ་སྔོས་པར་དགའ་བས་དགོངས་སྤྱོད་མཛོད་ཞུས་པས། དེ་ག་དང་ལེན་མཛད་སོང་བས་སྐྱོན་མེད་དུ་དྭངས་འདུག །རྩེར་སྐུ་རིམ་ལ་ཅར་མར་བསྡད། དགེ་སྦྱོར་གང་འཕེལ་དང་སྲུང་འཁོར་སོགས་རིམ་པས་གང་ནུས་བསྒྲུབས། ཡོས་བུ་རེ་ལྔ་པ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་ཤིང་མང་དགོན་པར་ཞལ་ངོ་ཚང་མ་འབྲུམ་འབྲོས་གནང༌། དེའི་སྐུ་རིམ་སོགས་ལ་བདག་གིས་ཀྱང་ཕྱིན། ཟླ་བ་བཞི་ཙམ་རྩེ་གཅིག་ཏུ་དྲག་སྔགས་རྒྱུན་བཟླས་དང་རྒྱང་གྲགས་ཚུན་ལ་སྲུང་བའི་སྦྱོར་བ་བྱས་པས་གཉེན་འབྲུམ་ཀླུ་ནད་ཀྱིས་ཉེ་མ་ནུས་པར་བདེ་བར་ཐར་པ་ཡིན་ནོ། །དེ་ནས་དཔོན་ས་ཡུམ་ཆེན་ཅུང་ཟད་བསྙེལ་བས་དེའི་ཕྱག་ཕྱིར་རྩེར་ཡོང་འཕྲལ་རྐྱེན་དེ་ཡང་རིམ་པས་དྭངས། བདག་གིས་དགོན་གསར་དུ་སླེབ། མཚོ་སྒོ་ནས་ཡོངས་དགོས་ནན་ཆགས་བྱུང་བས་ཟླ་བ་བཞི་པའི་ཚེས་གསུམ་ལ་ཕྱིན། དེ་ནུབ་གྲང་སོ་གཟིམ་མཁར་དུ་བསྡད། དྲུང་ཆེན་དེས་གཞིས་ལེན་ཕྲན་བུ་བྱས། སང་སྔ་བར་ཕྱིན་བསུ་བ་སོགས་གཟབས་མ་དང་བཅས་སླེབ་ཟླ་བ་དྲུག་ཙམ་བསྡད། སྡེ་པ་དང་དགེ་བཤེས་མང་དག་ལ་རཱ་འཁྲིད་སོགས་སྨིན་