[A:༢༦༥]སྐྱེལ་མི་མང་དག་ཡོད་པ་ཀུན་གྱིས་བྱ་ནག་ཟུང་སྤྲེལ་གྱི་ལྡིང་སྐོར་གཤོག་སྒྱུར་བྱེད་པ་སྐད་ཀྱི་རྣམ་པ་མང་དག་བྱེད་པ་སོགས་བདག་ལ་དགའ་བའི་རྣམ་འགྱུར་བྱེད་པ་མཐོང་བས་ཁོང་རྣམས་མགྲིན་གཅིག་ཏུ་བགྲོས་པ་ལ་མགོན་པོའི་ཕེབས་བསུ་ཡིན་པ་འདུག་ཟེར་བ་ཡང་བྱུང༌། གང་ལྟར་དེ་ནས་བཟུང་དབོན་དྲུང་ལ་ཟླ་བ་བརྒྱད་ཀྱི་བར་ལ་འཇིག་རྟེན་གྱི་ཞབས་ཏོག་ལྷོད་མེད་དང༌། ཕྱག་གཡོག་རྣམས་ལའང་འདོད་རྒུ་གང་འབྱོར་བྱས་ཀྱང་རེ་འདོད་ཁེངས་པ་ཞིག་མ་བྱུང༌། གང་ལྟར་ཆོས་ཀྱི་ཐུགས་བཞེད་ཉིན་མཚན་དལ་མེད་ཕུལ་བས་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ངང་ལ་མཛད། ལྷག་པར་ཕེབས་པའི་དུས་སྐུ་ཚེའི་རྟེན་འབྲེལ་ལེགས་ཚོགས་སྤེལ་བའི་ཕྱིར་འཆི་མེད་ལྕགས་ཀྱི་སྡོང་པོའི་ཚེ་དབང་ཞིག་ཕུལ་བས། ལོ་རྒྱུས་དང་དངོས་གཞིའི་མཚམས་སུ་སླེབ་པ་ཙམ་ནས་ཚེ་ཆང་ཉིད་ཆིལ་ལི་ལུད་བྱུང་བས་བྱིན་མངས་བཞེས་སོང༌། བྱིན་ལ་རིལ་བུ་བྱས་ཕྱག་ཏུ་ཡོད་པས་སྐུ་ཚེའི་བར་ཆད་ཐམས་ཅད་ཞི་ཞིང་གོང་འཕེལ་དུ་འགྲོ་བའི་རྟེན་འབྲེལ་མང་དག་འགྲིག་སོང༌། དེ་ནས་དཔོན་སློབ་རྣམས་ཤར་ལ་ཐེགས། རང་ཡང་སྣང་ཟོས་ཅི་བདེར་བསྡད། དེ་ནས་རེ་བཞི་པ་སྟག་ལོར་རི་ཁྲོད་དུ་བསམ་གཏན་གོང་འཕེལ་བྱས་བསྡད་སྐབས་ས་བདག་ཀླུ་ཉིད་ཁྲོས་པའི་རིམས་མི་ཟད་པ་འབྲུམ་པ་དེ་འགོམ་ཐོར་བ་འདུག །བསམ་འགྲུབ་མཐོང་སྨོན་པ་ཞེས་པའི་བྱིས་པ་ཞིག་ལ་བྱུང་བས། ཡུལ་དང་སྡེ་པ་ནས་སྤྱུགས་པའི་དགོངས་པ་གནང་བ་ལ། ཐོག་མར་བྱུང་བ་འདི་ཤིན་ཏུ་ཡང་བ་ཞིག་ཀྱང་ཡོང༌། ལྷག་པར་ཆ་ཞབས་སུ་བྱུང་བ་ལ་མིང་བཀྲ་ཡང་ཤིས་པ་འདུག་བས་མ་