R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༦༧
[A:༢༦༧]རྒྱས་སུ་ཕུལ། གཞན་དབང་རྗེས་གནང་ཇི་སྙེད་པས་ཐུགས་བཞེད་བསྐང༌། དེ་སྐབས་རང་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་པའི་སྐལ་པ་ཅན་དགེ་བའི་ཐུགས་སྟོབས་སྔོན་རབས་ཀྱི་རྒྱལ་པོ་རྣམས་དང་མཚུངས་པ་རྒྱལ་བ་དགྱེས་པའི་ཐབས་མ་གྱུར་འགྲོ་བའི་དོན་ལ་གཅིག་ཏུ་དཔའ་བ་དབྱངས་ཅན་ལྷ་མོའི་རྣམ་པར་འཕྲུལ་པ་དཔོན་ས་ཁྱེའུ་འདྲེན་གྱིས་བསྐུལ་ནས་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་སྤུངས་པ་ལ་བརྟེན། འཕགས་པ་ཐུགས་རྗེ་ཆེན་པོ་ཉོན་མོངས་རང་གྲོལ་གྱི་སྟེང་ནས་སྐྱེ་བདུན་སྒྲུབ་པ་ཞག་བདུན་བྱས། སྐལ་པ་བཟང་པོའི་དཔོན་སློབ་ལྷ་གྲངས་དང་མཉམ་པ་བཅུ་གཅིག་གིས་ཐུན་བཞིའི་རྣལ་འབྱོར་ལ་བརྩོན་པ་དང༌། གཟུངས་ཐག་འཛིན་པ་དང༌། གཞན་ཡང་གཟུངས་རྒྱུན་འཛིན་པ་དང༌། སྐོར་བ་བྱེད་པའི་མི་བརྒྱད་ཅུས་གཟུངས་དང་བཅས་ཏེ་སྒྲུབ་ཁོག་ནས་བཤད་པའི་སྒྲུབ་བཞི་མ་ཚང་བ་མེད་པར་བྱས་ནས་ཟླ་བ་དྲུག་པའི་ཚེས་བདུན་ལ་བཙུགས་ཏེ་ཚེས་བཅུའི་མཆོད་པ་རྒྱས་པར་བསྒྲུབས། ཐོག་མར་རིལ་བུ་འགོ་འཛུགས་ཙམ་ལ་རང་ཉིད་ཁམས་ཅུང་ཟད་ཉོག་པ་ཞིག་བྱུང་བས་འབྱུང་པོ་མི་མ་ཡིན་རྣམས་ཀྱིས་བར་ཆད་ཀྱིས་གླགས་ལྟ་བར་གོ །དེ་ལ་དམིགས་བླ་མ་དྲག་པོའི་བསྐྱེད་རིམ་བཟུང་སྟེ་གདོན་རིགས་ཚར་གཅོད་པའི་སྡིག་པ་ནག་པོའི་ཟས་སྐལ་དུ་སྤྲད་པས་དུས་དེ་ཉིད་དུ་ཞི་བ་ཞིག་དང༌། དམ་སྲི་མནན་པའི་སྐབས་སུ་འཇིག་རྟེན་ཕུང་བྱེད་ཐམས་ཅད་གནོན་པའི་དོང་གྲུ་གསུམ་དེ་ལ་རྒྱ་བཅུས་གདབ་པའི་སྐབས་སུ་བྲོ་བརྡུང་པས་རྐང་པ་གཡས་ཀྱི་མཐེ་བོང་ལ་ཅུང་ཟད་ཀྱི་གནོད་པ་བྱུང་བ་མཚོན་ཆ་སྣ་ལྔའི་རྩེ་ལ་སྐྱོན་ནས་གཏུབས།