[A:༢༦༩]ཡང་དགྱེས་པའི་རྟགས་སུ་ངེས། གང་ལྟར་ཞག་བཞི་སོང་ནས་དྲི་བཟང་གིས་རྫོང་ཆེན་གང་བ་དང༌། ཞག་ལྔ་སོང་ནས་སྲོད་ལ་གཟུངས་རྒྱུན་སྒྲ་ཆེར་མི་འདུག་པས་ཡིད་ཀྱི་བསྐོར་བ་དང་གཟུངས་རྒྱུན་ནན་ཆེར་བགྲངས་པས་རིག་པ་མི་ནོན་པ་ཙམ་ཟིལ་བུན་ནེ་བ་འདུག་པས་དཀྱིལ་འཁོར་ཁང་པ་ལ་དབང་གི་མ་བདུན་ཉིད་ཀྱིས་བསྐོར་བ་དང་གཉན་ཆེན་པོ་ཐང་ལྷ་དེ་ཉིད་བར་ཆད་ཀྱི་བདུད་འདུལ་བ་ལ་དཔའ་བ་བྱས་འདུག །སྒྲུབ་གྲོགས་རྣམས་ཀྱང་འུར་ལངས་ནས་གཟུངས་སྒྲ་ཆེར་བྱེད་པ་བྱུང༌། གང་ལྟར་སྒྲུབ་དབང་རྒྱས་པར་ཕུལ། མཚན་མ་རྫས་ཀྱི་རྡུལ་ཚོན་རྣམས་ཆགས་ཀྱང་ས་ལ་དཀྱིལ་འཁོར་གྱི་བཀྲག་མ་ཉམས་པར་ཡོད་ཅིང་གེགས་མེད་དུ་གྲོལ། གྲུབ་རྟགས་གཞུང་ནས་བཤད་པའི་འཕེལ་རྒྱས་ཐོག་མ་བྱུང་བ་དང༌། རིལ་བུ་དེ་ཉིད་མྱོང་བས་གྲོལ་བའི་མཚན་མ་ཐོབ་པ་ཡིན་ནོ། །ད་ལྟའི་བར་དུ་ཡང་བྱིན་རླབས་ཐུམ་བུ་རྣམས་ལ་འཕེལ་རྒྱས་ཡོང་ངེས་དང༌། སངས་རྒྱས་ཀྱི་འཕེལ་གདུང་རྒྱུན་མ་ཆད་པས་རིལ་བུ་རྒྱུན་ལ་རིང་བསྲེལ་མཐོང་བས་གྲོལ་བ་དང་བཅས་པ་ཡོད་དོ། །ཟླ་བ་བཅུ་པའི་ནང་དུ་དགོན་གསར་དུ་སླེབ། ཞག་ཁ་ཡར་ངལ་གསོས་ཏེ། དེ་ནས་ཆོས་ལུང་ལ་ཁོར་ཙམ་ཕྱིན། དེ་ལོ་ཕྱི་མར་འགྲོ་བའི་རྨི་ལམ་ངན་པ་འདྲ་དང་ལྟས་ལོག་པ་ཕྲན་བུ་འདུག་པས་དགོན་གཞིས་ཀྱི་གཉེར་བ་རྣམས་བཞག །བསྒྲུབས་ཀྱང་མི་འགྲུབ་པའི་དགོན་གཞིས་ཆོས་བྱེད་ཀྱི་གང་ཟག་གཤའ་མ་མེད་པའི་གནས་བོར་ནས། རེ་དྲུག་པ་འབྲུག་ལོ་རང་ཉིད་དབེན་པའི་རི་ཁྲོད་དུ་འཆི་བ་མི་བསྒུག་ན་ཁྱོད་ལ་བྱེད་རྒྱུ་ཅི་འདུག་མ་ཎི་བསྙེན་མཚམས་བཅད་རྒྱ་