[A:༢༧༢]པ་ཙམ་བྱས་ནས་འདུག །གླེང་མོ་ཞིག་བྱེད་སྙམ་ཡོད་པས་ཟླ་བོ་འདྲས་སྐད་ངན་གྱིས་གཉིད་སད། མཚོ་མོ་བཻཌཱུརྻའི་མདོག་ལྟར་གནས་པའི་གནས་བདག་དེ་ཉིད་ངེད་ལ་དགའ་བའི་རྣམ་པས་རྗེས་ལ་འབྲང་ཞིང་བརྩེ་ནའང་གཞན་ལ་ཁྲོས་པའི་རྣམ་པ་ཞིག་འདུག་པས་ཕྱིས་སུ་འཕྲིན་ལས་མི་ཟད་པ་ཡོང་བར་གོ །དེ་ནས་ཀྱང་ཕེར་ཕེར་གྱི་མི་རིགས་ཁ་རེའི་ཞོན་རྟ་ཉལ་བ་སོགས་གཞི་བདག་འབྲངས་པའི་རྟགས་དུ་མ་གདའ། དེ་ནུབ་རྨ་བྱ་རྫོང་དུ་བསྡད་སྔར་འདྲིས་ཀྱི་ནང་སོ་རྒྱལ་བའི་དྲུང་གིས་གཞི་ལེན་ཡང་དག་བཀའ་དྲིན་བསྐྱབས། དེ་ནས་ཆོས་ལུང་གི་མཆོད་གཞིས་གྲ་མ་རི་སྣར་ཚ་བ་བྱས། ཆང་དབོན་པ་ཟེར་བས་གུས་པའི་སྣ་ལེན་བླ་མེད་བྱས། དེ་ནས་འབྱུང་བོའི་བྱ་ལྟར་རྒྱུ་བའི་མ་རུངས་པའི་སྐྱེ་བོ་རྣམས་ཀྱི་འདུས་གྲོ་སྔོན་ལ་མལ་བྱས་ཡོངས་པས། རྒྱུད་སྡེའི་བང་མཛོད་བསྲུང་བའི་གཉེར་ཁའོ་རྡོ་རྗེ་ལེགས་པ་དེ་མཚོ་སྒོ་ན་བརྟེན་བཞིན་འདུག་པས། དེ་ཉིད་མ་མཉེས་པའི་རྫུ་འཕྲུལ་སྤྲུལ་པའི་སྤྲེའུ་མི་བཟད་པ་ཞིག་རང་གི་རྟ་གསར་དེ་ཉིད་སྒ་སྟོང་པ་ཡོད་པས་དེ་ལ་ཞོན་སྤང་ཐང་དེ་ལ་མིག་གིས་ཆོད་པ་ཚུན་ལ་སྐད་ཅིག་ལ་བསྐོར་བ་ཀུན་གྱིས་མཐོང་བས་ཅི་བྱ་བརྟོལ་མེད་དུ་གྱུར། བདག་གིས་ཆོ་འཕྲུལ་དེ་ལྟར་དུ་གོ །རྣམ་འཕྲུལ་མི་ཟད་པ་དུ་མ་ཞིག་གདའ། དེ་ནས་རེ་བརྒྱད་པ་རྟ་ལོ་སྡེ་པ་ནས་བཀའ་ལུང་ཡང་ཡང་ཕེབས་པ་དང་དགོན་པ་རང་གིས་ཀྱང་ནན་ཆགས་བྱུང་བས་སླར་ཡང་དགོན་གསར་བྱེད་པར་བྱས། ལུགས་གཉིས་དམ་ཚིག་ཁྲེལ་གཞུང་རྒྱབ་ཏུ་བོར་བ་ཁ་ཅིག་ལ་གོང་ནས་དྲན་འཛིན་གྱི་ཞལ་བཀོད་ཕྲན་བུ་གནང༌། ཆོས་སྡེ་ཉིད་དུ་བླ་མ་གོང་མ་རྣམས་ཀྱི་སྒྲིགས་