R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༧༣
[A:༢༧༣]བཅའ་བ་ལྟར་གཞིར་བཅས་ཀྱི་བཅའ་ཡིག་དམ་ཁས་མནན་པ་ཞིག་ཀྱང་གནང་འདུག །སྔར་ནས་ཡོད་པའི་བླ་མ་སོ་སོའི་དུས་ཆེན་སོགས་ཀྱི་སྒྲུབ་མཆོད་རྣམས་ལ་སྐྱབས་འགྲོ་ནས་བཀྲ་ཤིས་བར་ཤར་སྦྱངས་དང་གོང་འཕེལ་ཁོ་ན་བྱུང༌། ལོ་དུས་ཀྱི་ས་ག་ཟླ་བའི་སྨྱུང་གནས་གཏོང་བ་དང་དེ་སྟེང་དབང་མོ་ཆེ་ལ་ལས་སླར་མ་སོང་བའི་ཚེ་རྟ་བཅས་པའི་དབང་རྗེས་གནང་རྒྱས་པ་རེ་དང༌། སྟོན་དུས་དབང་མོ་ཆེ་རེ་ལ་ཡང་དེ་མཚུངས་རྒྱས་པར་བྱས་སེམས་ཅན་གྱི་ཚེ་ཉམས་པ་ཕལ་ཆེ་བ་གསོས་པར་གྱུར་ཏོ། །གཞན་ཡང་ངེད་རང་སླེབ་ནས་དགོན་པའི་ལྟག་ན་སྔར་ཆུ་ཅུང་ཟད་བྱུང་བའི་ཤུལ་གྱི་ས་དེར་རྐང་པས་ཕྲན་བུ་བྲད་པས་ཆུ་ཐོན་ནས་ད་ལྟའི་བར་དུའང་རྒྱུན་མ་ནུབ་པར་ཡོད། ཚེ་ཐར་གྱི་སེམས་ཅན་ཕྲན་བུ་བསགས་པ་དགོན་པར་རྟེན་འབྲེལ་མ་འགྲིག །དེ་ཚོ་བཞེས་སྤྲོ་བྱེད་མི་རྣམས་ལའང་རྟགས་མཚན་མངོན་དུ་གྱུར་པ་བྱུང༌། ངེད་རང་རྩེར་བསྡད་པའི་སྐབས་ཤིག་སྔར་གྱི་ཁམས་པ་དེ་ལོག་འགྲོ་བ་ལ་བློ་གཏད་ཚེ་དབང་བྱེད་པའི་ཁུངས་བྱས་སྐབས་སུ་བབས་པ་དང་འབོད་མི་བཏང་བས་ལམ་བར་དུ་ན་ནས་འཆི་ལ་ཐུག །ཚེ་དབང་བཞག་འགྲོ་དགོས་བྱུང་བས་བདག་ལ་ངོ་སྦས་སེ་བྱས་འདུག །བླ་མའི་བསྐྱེད་རིམ་གསལ་པོ་ཞིག་བསྒོམས། དྲག་སྔགས་ཀྱི་མཆིལ་མ་བཏབ་པས་འདིང་བ་དགོས་པའི་བརྡ་བྱེད། དེ་སྤྲད་པས་མགོ་བོ་གཏུམས་ནས་ཅང་མི་ཟེར་བ་འདུག །ཟླ་བོ་དེ་སངས་པས་ང་ངོ་མི་ཤེས་པ་ལགས་སམ། ཁྱེད་སྒྱིད་པ་མ་སྐྱུར་བསྟན་པ་ལ་གང་ཕན་མཛོད་ཟེར། ཁྱོད་སུ་ཡིན། གང་ནས་ཡོངས། འཕྲིན་ལས་གང་ཡིན། ཡིད་ལ་ཅི་འདོད་བྲིས་པས།