[A:༢༧༡]ཟད་བསྐྱེངས་པ་ལྟ་བུས་དད་གུས་ཚད་མེད་མཛད་པ་བྱུང༌། དེ་ནས་དཔོན་ས། སྡེ་པ་ཆོས་རྗེ་སངས་རྒྱས་རྒྱལ་མཚན་པ་དང་བཤེས་གཉེན་དད་གུས་མང་པོ་ལ་ནཱ་རོ་མཁའ་སྤྱོད་ཀྱི་ཟབ་ཆོས་མ་ལུས་པར་ཕུལ། དཔོན་སའི་དྲུང་གིས་གསེར་སོགས་དངོས་པོའི་གནང་བ་དཔག་མེད་བྱུང༌། དེ་ལོ་དཔོན་ས་ཉིད་དེར་མི་བཞུགས་པའི་གནས་ཚུལ་ལྕག་བསྐུལ་སོགས་གོང་ནས་འདི་ལྟར་མཛད་ན་མི་ལེགས་མང་དག་ཅིག་ཅར་ནས་ལབས་པས་ཤིན་ཏུ་མ་མཉེས། འོ་ན་ཇི་ལྟར་འོས་མཁྱེན་པས་གཟིགས་བྱས། ཁ་འཇུག་སྤངས། མཛད་ཚུལ་འཇིག་རྟེན་ཕྱི་མོའི་དཔེར་གནོད་པ་ཞིག་དང་ངོས་རང་ལ་སྐྱོན་འགྱུར་ཅུང་ཟད་བྱུང་སོང༌། གང་ལྟར་ཚུར་ལམ་བོང་ཆུ་གཙང་པོ་ཞེས་ཆུ་བོ་ཆེན་པོ་དེ་ལ་བྱེ་འདམ་ཤིན་ཏུ་ཆེ་བ་ཡོད་པ་དང༌། ལྷག་པར་ཡུལ་དེའི་གནས་བདག་ཐམས་ཅད་རྗེས་ལ་འབྲང་དོགས་མང་པོ་འདུག་པ་ཁྲོས་པའི་ཚུལ་གྱིས་ཆུ་བོའི་འཇིང་དུ་སླེབ་པ་ན་བདག་གི་རྟ་དེ་ཉིད་བྱེ་མར་ཅུང་ཟད་བྱིང་བ་དང་ཆུ་དེ་ཡང་རྦ་རླབས་དང་བཅས་ཉེ་བ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ང་རྒྱལ་བཟུང་ཆུ་བོ་དེ་འོ་མའི་བདུད་རྩིར་བྱིན་གྱིས་བརླབས་ནས་གནོད་བྱེད་རྣམས་ལ་བྱིན་པས་ངེད་རང་ལ་གནོད་པ་ལྟ་ཅི་འཁོར་བཅས་ཚུ་རོལ་དུ་སྐྱོན་མེད་དུ་སླེབ། དེ་ནུབ་སྲི་ཤམ་ཞེས་པའི་ནེ་གསིང་བདེ་མོ་སྐྱིད་སྐྱིད་འདྲ་བ་དེར་བསྡད། དགོང་ཐུན་ལ་ཞུགས་པ་ཙམ་ནས་ཆར་པའི་རྒྱུན་ཡང་ཆེར་བབས། དེ་ནུབ་རྨི་ལམ་ན་བུད་མེད་སྔོ་སངས་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་ཟུང་ཞིག་རས་དཀར་ཆུ་འཛིན་གསར་པའི་ཕུང་པོ་ཆེད་དུ་བྱས་པ་ལྟ་བུ་ཞིག་ཕྱག་དང་བཅས་ཕུལ། ངེད་ལ་བྱིན་རླབས་ཞུ་ཟེར་བདག་ལ་མགོ་བོ་བཙུགས་ནས་ཅུང་ཟད་ནོངས་