R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༧༤
[A:༢༧༤] ཧེ་ཧེ་དམ་ཅན་སྟོང་གི་སྡེ་དཔོན་ཨྱོན་པདྨའི་བཀའ་སྒྲུབ་པའི་མ་སང་རྡོ་རྗེ་ལེགས་པ་དྲག་པོ་མགར་བ་ནག་པོ་ལགས། གང་ནས་ཀྱང་འོངས། གང་དུ་འང་འགྲོ། བསྟན་པ་དང་ཨྱོན་བླ་མའི་བཀའ་སྐྱོང་མ་རུང་དགྲ་བོའི་གཤེད་མ་བསྟན་དགྲ་སྒྲོལ་བའི་དམག་དཔོན་ས་འཛིན་ཆོས་ལ་དཀར་བའི་དགྲ་ལྷ། འཛམ་གླིང་ཆོས་ནོར་གྱི་བང་མཛོད་ཐམས་ཅད་ཀྱི་གཉེར་ཁའོ། །དམ་ལྡན་སྟོང་གི་འཕྲིན་ལས་སྒྲུབ་པའི་ཕོ་ཉ། ཁམས་གསུམ་སྐྱེ་འགྲོའི་སྲོག་ལེན་ཡིན། ཡིད་ལ་ཨྱོན་གྱི་བཀའ་ལྟར་སྒྲུབ་པའི་བཤེས་གཉེན་ནི་དཀོན། ངེད་བསྟན་སྲུང་རྣམས་ལ་གཏོར་མ་སྟེར་མཁན་ནི་མེད། སེམས་ཅན་རྣམས་ནི་དམྱལ་བའི་རྒྱུ་སྒྲུབ་པ་ཁོ་ན་འདུག་སྙམ་སྙིང་མི་དགའ་ཟེར། གཏོར་མ་སྟེར་བ་འཕྲིན་ལས་འཆོལ་བ་པོ་འདི་འདྲ་ཡོད་བྱས་པས། དེ་ཚོ་ནི་ངལ་བའི་རྒྱུ་མ་གཏོགས་ཅི་ཡང་མེད། ད་ལྟ་ས་པཎ་གྱི་རྣམ་འཕྲུལ་ངོར་པ་དཀོན་མཆོག་ལྷུན་གྲུབ་རྒྱ་ནག་རི་བོ་རྩེ་ལྔ་ན་སྐྱེས་ཡོད། ཁོང་གིས་སྦྱིན་པ་ནས་ཕྲན་བུ་བཟའ་བ་ཡོད། ཁའུ་བྲག་རྫོང་སོགས་ཀྱི་གཏོར་གཞི་ནས་བཟའ་རྒྱུ་མི་ཡོང་པ་འདུག་པ་ཨེ་ཡིན་བྱས་པས་དེ་ཚོ་ནས་ཀྱང་མེད་ཟེར། རྗེ་ཚར་ཆེན་དང་མཁྱེན་བརྩེའི་དྲུང་གང་ན་བཞུགས་ཨེ་མཐོང་བྱས་པས། བླ་མ་ཚར་ཆེན་ནི་མ་མཐོང༌། མཁྱེན་བརྩེ་ནི་ཟངས་མདོག་དཔལ་རི་ན་བཞུགས། བོད་ལ་འབྱོན་འདོད་འདུག་ཀྱང་ཨྱོན་གྱིས་མི་གནང་ཟེར། གཞན་ཡང་དགོན་པ་འདི་སོགས་ཀྱི་རྩིས་སྤྲོད་ཟེར་བའི་པར་པིར་མང་དག་འདུག་མོད། གང་ལྟར་དེ་ནས་བཟུང་ཁོང་གིས་འཕྲིན་ལས་བསྒྲུབ་པ་དང༌། བདག་གིས་གཏོར་མ་སྟེར་བའི་དམ་བཅས་པ་སོགས་མཐའ་ཡས་པ་ཞིག་བྱུང༌། ཚང་མ་བྲིས་ཀྱང་ངལ་བའི་རྒྱུར་