R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༧༥
[A:༢༧༥]ཟད་དོ། །དེ་ནས་རེ་དགུ་པ་ལུག་ལོ་ཟླ་བ་བཅུ་གཅིག་པ་ལ་སྔ་དར་གྱི་གཙུག་ལག་ཁང་སྲས་བཅས་རྒྱལ་བས་བརྟེན་པའི་རུ་ལག་རྒྱང་གི་ལྷ་ཁང་ལ་གྲུབ་པ་མཆོག་གི་འཁོར་ལོ་སྒྱུར་བ་ཐང་སྟོང་རྒྱལ་པོའི་དབོན་རྗེ་ངག་དབང་བློ་གསལ་བསྟན་པའི་དྲུང་གིས་ཞིག་གསོས་གནང་ཞིང་གྲུབ་པའི་རྟེན་རྣམས་ལ་རབ་གནས་མངའ་གསོལ་ལ་ཡོང་དགོས་གསུངས་ནས་ཕྱིན། ཚེས་བཅུའི་མཆོད་པ་དང་བསྟུན་ཆོ་ག་ཡང་བསམ་ཡས་སུ་ཨྱོན་ཉིད་ཀྱིས་མཛད་པ་ལྟར་རྒྱལ་བ་མཆོག་དབྱངས་ལ་གནང༌། དེ་ཉིད་ཀྱི་སྐྱེ་མཐའ་སྤྲུལ་སྐུ་ཚེ་བརྟན་རྒྱལ་མཚན་གྱི་མོན་ཆུ་སྦུག་གི་མཁའ་འགྲོ་ལཱ་སེ་གར་བྱེད་པ་འདྲ་བའི་གསང་གནས་ནས་སྤྱན་དྲངས་པའི་བདེ་ལེགས་ལྷུན་གྲུབ་ཀྱི་སྟེང་ནས་ཚུལ་བཞིན་དུ་བྱས། ཞི་ཁྲོ་ཡོངས་རྫོགས་ཀྱི་མངའ་དབུལ་གྲུབ་འཕྲལ་ངེད་རང་རིག་པ་མི་ནོན་པའི་ཟིལ་བུན་ནེ་བྱས་པ་ཞིག་བྱུང་བས་རིག་པ་མནན་པས་ཨྱོན་བླ་མ་མཁྱེན་ནོ་སྙམ་པ་བྱས་པས་རྟེན་གཙོའི་གཙུག་ནས་འོད་ཀྱི་རྣམ་པ་ཁྲ་བུན་ནེ་བ་ཞིག་བྱུང༌། མེ་ཏོག་རྒྱས་པར་གཏོར། སྤྱི་སྒོས་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་རྒྱ་ཆེར་བཏབ། ངེད་རང་གིས་རབ་སྟོན་རྒྱ་ཆེར་བསྒྲུབས། དེ་ནས་སླར་རི་ཁྲོད་དུ་ཅི་བདེར་གནས་སྐབས་ནས་ཞལ་ངོ་རྣམས་ལ་དབང་རྗེས་གནང་སྐུ་སྲུངས་ཀྱི་འཁོར་ལོ་སོགས་རྒྱས་པར་བསྒྲུབས། སྤྲེལ་ལོ་བདུན་ཅུ་པ་ཟླ་བ་གཉིས་པ་ལ་མཚོ་སྒོ་ལ་ཁོར་ཙམ་ཕྱིན་མགྱོགས་སྐོར་བྱས་རི་ཁྲོད་དུ་སླེབ། རྗེ་བཙུན་མཁན་དྲུང་སྐུ་ཁམས་ཤིན་ཏུ་བསྙེལ་བ་ཞིག་འདུག་ཟེར། དེ་ཐོས་ནས་སེམས་ལ་བདེ་བའི་གོ་སྐབས་མ་བྱུང་བ་དང༌། ལྷག་པར་དམ་པ་ཉིད་མི་བཞུགས་པའི་ལྟས་དུ་མ་