[A:༢༧༧]པ་ཞིག་ཡོང་བཞིན་འདུག་པས་ཐུགས་རྟོག་ཞིབ་ལོན་ཞུ། འདིར་ཡང་སྲུང་འཁོར་རྒྱུན་དང་ཁྱད་པར་ཅི་འགྲུབ་བྱེད་པ་ཡོང་ཕུལ། དེ་གྲུབ་ནས་རི་ཁྲོད་དུ་ཅི་བདེར་བསྡད། ཟླ་བ་དྲུག་པའི་ནང་དུ་གདོང་དགའ་བས་ཁོག་ཞུགས་ཀྱི་རྣམ་པས་རྗེ་བླ་མ་ཀུན་དགའི་དྲུང་དུ་ཨ་གྷོ་ར་ནག་པོས་ཉི་བར་བརྟེན་པའི་གནས་སྒྲོན་མོ་ལུང་གི་རི་ཁྲོད་དུ་ཁོར་ཙམ་ཕྱིན། ཆོས་ལུང་བཅོམས་པའི་ནུས་པ་སྔོན་དུ་གྱུར་པ་ནས། ཁྱོད་ཀྱིས་བཤགས་པ་ལེན་དགོས་ཆོས་སྡེར་མང་ཇ་འགྱེད་སོགས་བསྒྲུབས་ཆོག་པ་དགོས་གསུངས་ནས་བླ་མའི་བཀའ་སྩལ་བྱུང་བ་ན། སྲུང་མ་རྣམས་ལ་གཏོར་བསྔོ་སོགས་ཀྱི་མཇུག་ཏུ་བསྟན་པ་དང་རྣལ་འབྱོར་ལ་སྡང་བ་རྣམས་ལ་འཕྲིན་བཅོལ་ཡོད་པ་ཙམ་ལས་དངོས་བརྒྱུད་གང་ནས་ཀྱང་གནོད་སེམས་ཀྱི་འཁྲི་བ་ཅི་ཡང་མེད་པས་མི་ནུས་ཚིག་སྦྱངས་ཞུས་པས་ཆོག་པ་དགོས་ཞུས། དམྱལ་བར་འགྲོ་བ་གནོང་གིས་འགྲོ་ཟེར་བ་རང་བདེན་པ་འདྲ། གང་ལྟར་དམ་པའི་དྲུང་དུ་དམ་བཅའ་གཉན་པོ་འདྲ་ཡོད་པ་ཁོ་རང་ཚོས་རིམ་པས་བཤིག །ལར་ཡང་མཐུ་བུ་ལོན་བཞིན་དུ་གཤེར་བ་ཞིག་འདུག་པས། ཞིང་གི་གནས་ཚང་བས་སྦྱོར་གྲོལ་ཞིག་དགོས་རྒྱུར་གདའོ། །དེ་ནས་ཞལ་ངོ་རྣམས་ས་ལུད་ཀྱི་ཆུ་ཚན་འཁོར། །རྒྱལ་བུ་སྙན་ཕྲན་བུ་བསྙེལ་བས་རྩེར་ཕྱིན་འཕྲལ་དྭངས། དེ་ནས་དཔོན་སའི་དྲུང་ཚོ་ཡང་སྐུ་བདེ་རྒྱུ་རང་མེད་པ་ཞིག་བྱུང་བས་སྲུང་མ་རྣམས་ལ་བསྐང་བཤགས་བརྒྱ་ཚར་སོགས་སྐུ་རིམ་ལ་བསྡད། གནམ་གང་ལ་དྲུག་ཅུ་པའི་བཟློག་པ་ཞིག་བྱས། དེ་སྐབས་སྡེ་པ་ཆོས་ལྷུན་དྲུང་སྐུ་ཁམས་ཤིན་ཏུ་མ་བདེ་བ་ཞིག་འདུག་པར་ཤོག་ཕེབས་