[A:༢༧༦]འདུག་པ་ནས་ཇི་ལྟར་དྲག་སྙམ་པ་བྱུང༌། གཞན་མ་ནི་བདག་ལྟ་བུ་ལ་གླེང་ས་མེད། ཅུང་ཟད་སྨོས་ཀྱང་ཡིད་ཆེས་ཀྱི་གནས་བྲལ། འོན་ཀྱང་ཕྲན་བུ་ཞིག་འཇིག་རྟེན་གྱི་མེས་པོ་དམ་པ་རྗེ་འདི་ཉིད་སོགས་ལ་མི་ཕྱེད་པའི་དད་པ་ཅན་སྐྱིད་མོ་གཤོངས་པ་དར་ཆེན་པ་ལ། རྗེ་ཉིད་ཀྱི་ཕྱག་ན་ཅི་ཡོད་ཀྱི་རྒྱུ་དངོས་རྣམས་ཕྱེད་མར་བཏང་བའི་ཆ་གཅིག་ཆོས་སྡེ་ཆེན་པོ་སོགས་ཀུན་ལ་གནང་ན་བླ་མ་རིན་པོ་ཆེ་ཞིང་ཁམས་མི་བརྗེ་བ་བདག་གིས་ཁག་ཐེག །དེ་ལྟར་མ་གནང་ན་ད་ལོ་མི་བཞུགས་པ་འདུག་གོ་བྱས་པས། རང་ཉིད་རྒྱལ་བའི་བསྟན་པ་དང༌། བསྟན་འཛིན་གྱི་དམ་པ་ལ་ལྷག་བསམ་དད་པ་ལྟར་ཀུན་ལ་ཡོང་བ་དཀའ་བ་དང༌། རྒྱལ་བའི་བསྟན་པ་དང་ལྷག་པར་སྙན་བརྒྱུད་ཀྱི་བསྟན་པ་དཔལ་ཁའུ་བྲག་རྫོང་པའི་བསྟན་པ་ཉམས་པས་ཀུན་ཀྱང་བླུན། དེ་ནས་འཇམ་པའི་དབྱངས་ཀྱི་ཉེར་གཅིག་མཆོད་ཀྱི་སྒྲུབ་མཆོད་ལ་དགོན་གསར་དུ་ཕྱིན། སྒྲུབ་མཆོད་ཀྱི་སྟ་གོན་གྲོལ་སྐབས། སྡེ་པ་ལྷུན་ཆེན་དྲུང་གིས་སྐྱབས་མགོན་དམ་པ་ཞིང་གཞན་དུ་གཤེགས་པའི་གཤིས་ཚུལ་ངན་པའི་ཕྱག་དམ་གསོལ་འདེབས་ཀྱི་རྟེན་གནང་སྲུང་འཁོར་ཆེད་གཏད་དགོས་ཚུལ་གྱི་གཏམ་སླེབ་པ་ན་སྙིང་མི་དགའ། ཐོས་པ་བས་ཀྱང་བ་སྤུ་ལྡང༌། ཨེ་མ་སྙིགས་དུས་ཀྱི་བསྟན་པ་ཉམས་པས་སེམས་ཅན་གྱི་བདེ་སྐྱིད་མ་ལུས་པར་རྫོགས་འདུག་གོ །དེ་འཕྲལ་སྒྲུབ་མཆོད་པ་རྣམས་ལ་ཐོས་མཆོད་ཀྱི་མང་ཇ་ཅི་ཡོད་སྒྲུབ། སྡེ་པར་དམ་པ་དེ་ཉིད་མ་བཞུགས་ཕྱིན་གསོལ་འདེབས་ལ་འབུང་བ་མ་གཏོགས་ཐུགས་ངལ་གྱི་རྒྱུར་འགྲོ་བ་སྤུ་ཙམ་མི་གནང་བ་ཞུ། ལར་ཡང་མཆོད་ཡུལ་གོང་མ་ཉིད་མ་བཞུགས་པའི་རྗེས་ལ་སྦྱིན་བདག་གཙོ་བོ་ལ་ངན་