R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༧༨
[A:༢༧༨]བཟློག་པ་འདི་དང་ཡང་ཐུག་སྒོར་མ་ནས་རྟགས་དགའ་མོ་རང་མི་འདུག་ཀྱང་ཁོར་པ་ཕྱིར། སྔོན་འགྲོ་རྗེས་འཐེན་གྱི་རྣམ་པས་རྟེན་འབྲེལ་མ་འགྲིག་སོང་བ་དང༌། གོང་དུ་ཞུས་པ་ལྟར་དམ་པ་ཉིད་མི་བཞུགས་པའི་རྒྱུ་མཚན་གྱིས་མི་དབང་དེ་ཡང་མ་བཞུགས་པ་ཞིག་བྱུང༌། དེ་ལ་བརྟེན་རྩེར་བཅར་སྡོད་བྱས་བདེ་གཤེགས་དེ་ཉིད་ཀྱི་གསོལ་འདེབས་ཀྱི་ཚོགས་དབུ་ལ་ཕྱིན། བསྔོ་བ་ཅི་ཤེས་དང་སྨོན་ལམ་རྒྱ་ཆེན་པོ་གདབ། ངོས་ཀྱི་དཔོན་གཡོག་གི་ནཱ་རོ་མཁའ་སྤྱོད་ཀྱི་ཚེས་བཅུའི་མཆོད་པ་སིནྡྷུ་རའི་སྒྲུབ་ཅིང་མཆོད་པ་བརྒྱ་ཚར་ཙམ་དང་བཅས་ཅི་ནུས་སུ་བསྒྲུབས། དེ་ནས་རི་ཁྲོད་དུ་སྙིང་པོ་ཡོད་པའི་བྱ་བ་ཅི་ཡང་མི་འདུག་འཆི་བ་ལ་ཕན་ངེས་ཆོས་མི་མཚེར་བ་ཞིག་བྱེད་སྙམ་རྩེ་གཅིག་ཏུ་དགེ་སྦྱོར་ལ་བརྩོན་པ་བྱས། སླར་རྩེར་གསོལ་ཇ་ཞུ་བ་དང་འདུལ་བ་ཕྲན་བུས་བརྒྱན་ནས་དབུ་ལོ་རྣམས་བཀྲུས། དེ་ནས་རི་ཁྲོད་དུ་རྗེ་ངག་དབང་བློ་གསལ་བསྟན་པ། ངག་གི་དབང་ཕྱུག་དགའ་བའི་བཤེས་གཉེན། གོང་པོ་རབ་འབྱམས་པ་ཟུང་དང་བཅས་པ་ལ་སྤྱན་རས་གཟིགས། གུར་ཞལ་སོགས་ཆོས་འདོད་རེ་བ་སོ་སོར་བསྐང༌། དེ་གྲོལ་རྒྱལ་པོའི་གླ་ཚལ་ཁྲོད་དུ་སྐྱོ་བསང་ལ་ཞག་ཁ་ཡར་བསྡད། རྗེ་བཙུན་བླ་མའི་གདན་ལ་དཔལ་ལྡན་གྲང་མོ་ཆེའི་དགོན་པ་བྱེད་དགོས་གསུང༌། ཞལ་ངོ་དང་གྲ་བགྲེས་རྣམས་ཀྱིས་ལན་ཅིག་མ་ཡིན་པར་ཕེབས་ཀྱང༌། ཆོས་འདོད་ཀྱི་སྐྱེས་བུ་དམ་པ་ཡོད་ན་ནི་སྔར་བསྟན་པ་བསམས་བློ་ནུས་ཀྱིས་གང་ཡོད་བྱེད། གཞན་མ་གདན་ས་བྱས་པ་ལ་དགོས་པ་ཅི་ཡང་མེད། ལྷག་པར་སྡེ་པ་རང་ཡང་མཛད་དཀའ་ཆེར་འགྲོ་བ་མིན་པ་མེད། ངེད་རང་མཆོད་ཡོན་ད་ལྟའི་འདི་གས་ཐུས་