R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༧༩
[A:༢༧༩]ཆེད་དུ་ཡང་རྗེ་བཙུན་ཚར་པ་རྗེའི་ཆོས་ཀྱི་ཁྲི་ལ་བདག་ལྟ་བུའི་བླུན་པོའི་རྐང་པ་བཞག་པས་མི་ཡོང་བས་དགོངས་པ་གནང་དགོས་རྩེ་གཅིག་ཏུ་ཞུས། ན་སོ་རྒས་པ་དང་དགོན་པ་ལ་ལུགས་གཉིས་ནས་ཕན་པ་མེད་ནན་ཆགས་བྱས་ཀྱང་མ་བཟློག་བར་ཁས་བླངས། ཕ་བླ་མའི་བསྟན་པ་ཉམས་པའི་རྟགས་སུ་ང་ལྟ་བུས་བླ་མའི་གདན་ས་བྱེད་དགོས་པ་བསམས་སེམས་སྐྱོ་བའི་ཚད་ཐུབ་པ་བྱུང༌། འོན་ཀྱང་སྔོན་གྱི་ལུང་བསྟན་དྲན་པས་སེམས་ཐང་ཆད་བ་ཅུང་ཟད་གསོས། དེ་ནས་ཆུ་ཚན་ལ་ཕྱིན། ཚུར་ལམ་དགོན་གསར་དུ་ཞག་ཁ་རེ་བསྡད། ཟླ་བ་བཅུ་པའི་ཚེས་ལྔ་ལ་རྒྱལ་དང་ཕུར་བུ་འཛོམ་པའི་དུས་སྦྱོར་ལ། གསང་སྔགས་ཟབ་མོའི་ཆོས་གྲ་རྒྱུན་མི་འཆད་སྒྲོག་པའི་གནས་མཆོག་བཤེས་གཉེན་བྱེ་བ་ཆོས་བཞིན་སྤྱོད་བཞིན་པའི་ཡང་དབེན་དཔལ་གྲང་མོ་ཆེ་ལ་ཆས་ནས་ཡོངས། གྲོག་ཡོད་དུ་སྡེ་པ་ཁུ་དབོན་དཔོན་གཡོག་དུ་མ་ཕེབས་བསུ་བཟབས་མར་བཅས་ནས་བྱོན། བཀྲ་ཤིས་ཁ་བཏགས་ཀྱི་རྟེན་གནང་གི་ཕྱི་ནང་ལེགས་ཚོགས་བསྒྲིགས་པ་གནང༌། རིམ་པས་སྐྱིད་མོ་གཤོངས་སུ་སླེབ། ཇ་བཟང་གི་བཏུང་བས་དབང་པོའི་རྒྱུད་ཚིམ་པ་དང་བཀྲས་དར་སོགས་ཀྱི་རྟེན་འབྲེལ་མང་དག་བསྒྲིག་པ་གནང༌། དར་འཕྱར་དང་སེར་སྦྲེངས་ཀྱི་བསུ་བ་བཟབས་སྤྲོད་དང་བཅས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་མངོན་པར་མཐོ་བའི་ཆོས་ཀྱི་ཁྲི་ལ་བཀོད། སྡེ་པ་ཆེ་ས་ནས་ཀྱིས་བཀྲ་ཤིས་ཁ་བཏགས་ཀྱིས་ཐོག་དྲངས་པའི་ཕུན་སུམ་ཚོགས་པའི་རྟེན་འབྲེལ་མ་ལུས་པ་རང་འགྲིག་ཏུ་བྱུང༌། གོང་ནས་བཀོད་ཇ་དང་གནང་སྦྱིན་གྱི་ལེགས་ཚོགས་སྤྱི་ས་ཉིད་ནས་