[A:༢༨༠]མང་ཇ་དང༌། དངོས་པོའི་གནང་སྦྱིན་མངའ་འབངས་ཀྱི་ཆོས་སྡེ་སོ་སོ་ལ། རྒྱལ་ཕྲན་སོ་སོ་ནས་མང་ཇ། དངོས་པོའི་ཚོགས་མཐའ་ཡས་པ་ཞིག་དང༌། གཞན་ཡང་གྲོང་དཔོན་སོ་སོ་སོགས་གྲྭ་རིགས་རྣམས་དང་ཆར་གཏོགས་པ་ཐམས་ཅད་ཀྱི་རྟེན་འབྲེལ་གྱི་དཔལ་རྒྱུན་འཆད་མེད་པར་སྤེལ་ནས་མངའ་གསོལ་གྱི་མེ་ཏོག་ཆར་ལྟར་དུ་ཕབ། ངེད་རང་གིས་མང་ཇ་དང་ལྷ་རྫས་ཀྱི་འགྱེད་བཅས་བཅུ་ཕྲག་རེ་ལ་ཁ་གྲུ་རེ་དང་བཅས་པ་བསྒྲུབས། རྗེ་བླ་མའི་དྲུང་ཆེན་བཟང་པོའི་དྲུང་གིས་སྙན་བརྒྱུད་ཀྱི་བསྟན་པ་རྒྱས་པའི་ཆེད་ཡིན་གསུང་རྡོ་རྗེ་འཇིགས་བྱེད་ཀྱི་བེ་བུམ་བླ་མའི་ཕྱག་དཔེ་ཡོངས་རྫོགས་གནང་སྦྱིན་མང་པོ་བྱུང༌། སང་སྔ་བར་མཆོད་ཡོན་ཚང་མར་གསོལ་འདེབས་ཕྲན་བུ་བསྒྲུབས། སྡེ་པ་ནས་དཀར་སྤྲོའི་གནང་སྦྱིན་དང་ངར་ངད་འཛོམ་པའི་རྒྱ་ཇ་བཟང་པོའི་བཏུང་བ་སོགས་དཔལ་འབྱོར་གྱི་རྒྱུན་འཕྲལ་དང་ཡུན་གྱི་དགེ་མཚན་ཕུལ་དུ་ཕྱིན་པ་གནང༌། དེ་ནས་རིམ་པར་ཕུའི་དགོན་པ་རྗེ་བཙུན་བླ་མའི་ཞབས་ཁྲི་དང་པོ་དགེ་འཕེལ་རི་བོའི་སྤོ་ཉིད་ལ་ཕྱིན། སེར་སྤྲེངས་སོགས་དུ་མ་ལེགས་ཚོགས་ཀྱི་དཔེ་མཐར་ཐུག་པ་བྱུང༌། མི་མངས་སྐྱ་སེར་ཀུན་ལ་ཚེ་རྟའི་དབང་རྗེས་གནང་རྒྱས་པར་བྱས་སྐབས་ཕ་བླ་མ་ཚར་པ་ཆོས་རྗེའི་ཚེ་དབང་འདྲ་མོ་བྱུང་ཟེར་མི་ཁ་ཡར་བྱུང༌། དེ་ནས་མགྱོགས་སྐོར་བྱས། དོན་གཅིག་པ་བྱ་ལོར་རྭ་འཁྲིད། ནཱ་རོ་མཁའ་སྤྱོད། གུར་ཞལ་ཕྱི་ནང་གི་འཁྲིད་སོགས་མདོར་ན་སྙན་བརྒྱུད་ཀྱི་སྦས་དོན་མ་ལུས་པ་དོན་གྱི་གདུལ་བྱ་མཐའ་ཡས་པའི་རེ་བ་སོ་སོར་བསྐང༌། ཆོས་སྡེ་ཉིད་ཀྱི་སྒྲུབ་མཆོད་སོགས་ཀུན་ལ་ཤར་སྦྱངས་བྱས་དུས་སྟེང་གཏོང་དགོས་རྣམས་ཀྱང་གོང་འཕེལ་ཁོ་ན་