[A:༢༨༣]ཀྱི་རྣམ་པ་ཡོད་ཙམ་གྱི་རྨི་ལམ་ན་ནམ་མཁའི་ཁྱོན་ཐམས་ཅད་ལ་ལི་ཁྲིའི་མདོག་ལྟར་བྱས་པའི་དབུས་ན་བུམ་པ་གསེར་བཙོ་མ་ལྟར་གསལ་ཞིང་དྭངས་པ་ཆེན་པོ་ཞིག་འདུག །དེའི་དབུས་ན་པདྨ་སྣ་ཚོགས་ཀྱི་འདབ་མ་བརྒྱད་ཀྱི་འདབ་མ་རེ་རེ་ན་གུ་རུ་པདྨའི་སྐུའི་དབྱིབས་ཐམས་ཅད་པདྨ་རྒྱལ་པོའི་ཚུལ་ཇི་ལྟར་བྱས་པ་འོད་སྣ་ཚོགས་ལྟ་བར་མི་བཟོད་པ་ཞིག་འདུག་པ་དང་གཉིད་སད། ཨེ་མ་ཨྱོན་བླ་མའི་ཐུགས་རྗེས་ནམ་ཡང་བསླུ་བ་མི་འདུག་སྙམ་ཉི་མ་ཤར་བ་ལྟར་གྱི་དང་བ་ཤར། རིལ་བུ་རྣམས་ཀྱི་འཕེལ་རྒྱས་ཅུང་ཟད་དང་ཡིད་བཞིན་ནོར་བུ་ལྟར་རྫི་ལ་གང་ནས་ལྟས་ཀྱང་ཡིད་ཀྱི་རེ་བ་ཁེངས་པ་ཞིག་བྱུང༌། དེ་ནས་རྒྱལ་པོའི་གདུང་བརྒྱུད་རྣམས་དང༌། བཀའ་འབངས་ཀྱི་དོན་གཉེར་མང་པོ་དང་སྙིགས་དུས་ཀྱི་སྔགས་པའི་གཟུགས་བརྙན་དུ་མ་དང་བཅས་པའི་ཚོགས་ལ་རྩ་བའི་དབང་ཉིད་རྒྱས་པར་དབང་ཚར་ཁ་ཡར་བྱས་པས་རྒྱལ་པོའི་དགོངས་བཞེད་ལྟར་ཨྱོན་བླ་མའི་བསྟན་པ་ཆེས་ཆེར་རྒྱས་པར་བྱས། དེ་ནས་ལྷ་ལྕམ་པདྨ་གསལ་གྱི་སྐྱེས་མཐའ་པདྨ་བྷོ་ཊས་བུམ་ཐང་སྐུ་རྗེས་བྲག་ནས་སྤྱན་དྲངས་པའི་བླ་མ་དྲག་པོའི་གཏོར་བཟློག་བྱེད་དགོས་ཕེབས། དམིགས་ཡུལ་དེ་ཡང་ཚུལ་ལྟོས་རུ་ཐག་འཛིན་པ་ལ་ཆེད་དུ་བདོས་པའི་སྟོད་འབྲོག་རྣམས་ལ་གཏད། བསྐུལ་བཙུགས་གཏོར་མ་ཅུང་ཟད་ཕྱིར་བསྒྱུར་བས་གཏོར་སྣོད་ནས་རྒྱངས་ཙམ་ཐོན་དགྲ་ཕྱོགས་ལ་རིངས་པར་ཆས་པ་ཀུན་གྱིས་མཐོང་བ་དང༌། འཕེན་པའི་སྐབས་སུ་སླེབས་པ་ན་རླུང་གི་རྒྱུ་ཕྱོགས་འཕྲལ་དུ་འགྱུར་བ་དང༌། ཟོར་རྣམས་ལག་ནས་འཕེན་འགྲོ་བ་ཙམ་དང༌། གནམ་ལྕགས་ཀྱི་འཕང་གཏོར་དེ་ཡང་ཚེག་སྒྲ་དང་བཅས་ནས་